སེམས་དང་སྲོག་གི་བགྲོ་གླེང་ཚོགས་ཆེན་སྐོར་ལ་བཅར་འདྲི།

mundgod1_2013_1_17ཟླ་འདིའི་ཚེས་༡༧ ནས་ཉིན་དྲུང་རིང་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སུ་སེམས་དང་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་༢༦ པ་དེ་འཚོགས་པ་དང་། སྐབས་དེར་ཚོགས་ཞུགས་པ་ཁག་ཅིག་ལ་དེའི་སྐོར་གྱི་བཅར་འདྲི་བྱས་པ་ཡིན།

དགའ་ཤར་དགེ་བཤེས་བྱང་ཆུབ་སངས་རྒྱས་མཆོག་ལ་ཐེངས་འདིའི་བགྲོ་གླེང་སྐབས་སུ་དམིགས་བསལ་གྱི་མྱོང་ཚོར་ཅི་བྱུང་སྐོར་ལ་བཅར་འདྲི་ཞུས་པར།

geshi_changchup_sangye_gasharཁོང་གིས། “གདན་སའི་ནང་ཚན་རིག་བགྲོ་གླེང་ཚུགས་པ་འདིས་ཚན་རིག་དང་ནང་ཆོས་ཟུང་འབྲེལ་གྱིས་འཇིག་རྟེན་ལ་ཕན་བདེ་བསྐྲུན་པའི་ལོ་རྒྱུས་ཀྱི་ལེའུ་གསར་པ་ཞིག་མགོ་ཚུགས་པར་ངོས་འཛིན་བྱས་ཆོག་སྙམ། ནང་པའི་གཞུང་དུ་གསལ་ཁ་དང་ཞིབ་ཚགས་མེད་པའི་རིགས་ཚན་རིག་གི་ཐོག་ནས་ལེགས་ཆ་ལེན་འོས་པའང་གང་འཚམས་འདུག་སྙམ། དེ་བཞིན་སེམས་རྩེ་གཅིག་པའི་སྒོམ་དང་སྙིང་རྗེ་སོགས་སྒོམ་ཚུལ་གྱི་ཐད་ཚན་རིག་གི་ལམ་ནས་དཔྱད་པ་བྱས་པའི་གྲུབ་དོན་ཁག་ནི་ནང་པ་ཞིག་གི་ངོས་ནས་བལྟས་ན་ནང་པའི་གཞུང་ནས་བཤད་པ་རྣམས་ཚན་རིག་གི་དཔྱད་ཐབས་ལ་བརྟེན་ནས་ར་སྤྲོད་བྱས་པ་ལྟ་བུ་མཐོང་། ཡང་ནམ་རྒྱུན་བོད་མིའི་སློབ་མ་ཁག་གཅིག་གིས་ཚན་རིག་ཟེར་ན་ཧ་ཅང་གི་ཤེས་ཡོན་ཚད་མཐོན་པོ་དང་ནང་ཆོས་ཟེར་ན་དེ་ཙམ་གནད་འགག་མེད་པར་མཐོང་གི་ཡོད། ད་ལན་༧གོང་ས་མཆོག་དབུ་བཞུགས་ཐོག་ཚན་རིག་པ་དང་ནང་པའི་དགེ་འདུན་པའི་དབར་བགྲོ་གླེང་ཚོགས་པ་འདིས་ནང་ཆོས་ཀྱི་ཚད་གཞི་གང་འདྲ་ཡིན་མིན་གཞི་ནས་ཤེས་རྟོགས་ཐུབ་པ་བྱུང་ཡོད་”ཅེས་གསུངས་སོང་།

ཆོས་བྱེད་དགེ་འདུན་པ་ཞིག་གི་ངོས་ནས་ཚན་རིག་ཐོག་སློབ་གཉེར་བྱས་ན་དེའི་གྲུབ་འབྲས་གང་འདྲ་ཞིག་ཐོན་གྱི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་དམ་ཞེས་དྲིས་པར། ཁོང་གིས་“༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་མང་རིང་ཐུགས་ཞིབ་དང་འཛམ་གླིང་ཁྱོན་ཡོངས་ཀྱི་གནས་ཚུལ་རྣམས་གཟིགས་པའི་ཐོག་ནས་ཕྱོགས་བསྡོམས་གནང་སྟེ། བཀའ་སློབ་ཕེབས་པ་གཞིར་བཟུང་ཚན་རིག་སྦྱང་རྒྱུར་གཏན་འབེབས་གནང་བར་བརྟེན། གྲུབ་འབྲས་ངེས་ཅན་ཡོང་རྒྱུ་ཞུ་མ་དགོས། མ་འོངས་པར་ཚན་རིག་པ་དང་དཔུང་པ་མཉམ་གཤིབ་ཀྱིས་འཛམ་གླིང་གི་ཤེས་ཡོན་སྡིངས་ཆའི་སྟེང་ནང་ཆོས་ཀྱི་སྙིང་པོ་སྟོན་ཐུབ་པ་དང་། དེ་ལ་བརྟེན་ནས་ནང་ཆོས་ཡུན་གནས་དང་དར་ཁྱབ་ཡོང་རྒྱུ་སོགས་ཡིད་ཆེས་ཡོད་”ཅེས་གསུངས་སོང་།

བོད་དོན་བདེན་མཐའ་སེལ་རྒྱུར་ཚན་རིག་སྦྱང་བརྩོན་གྱིས་ཕན་འབྲས་ག་འདྲ་ཐོན་གྱི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་ཅེས་དྲིས་པར། ཁོང་གིས་“ཚན་རིག་དང་ནང་ཆོས་དེ་ཕྱོགས་གཉིས་ཀྱི་གནས་ཚུལ་ཤེས་པའི་ཐོག་ནས་བོད་མི་རིགས་ཀྱི་གཤིས་རྒྱུད་ལ་ལོ་ངོ་སྟོང་ཕྲག་སྔོན་ནས་འདྲེས་པའི་ནང་ཆོས་ཀྱི་བསྟན་དོན་རྣམས་གསལ་སྟོན་ཐུབ་པ་བྱུང་ན། རང་བཞིན་གྱིས་བོད་དང་བོད་མིའི་རྩ་དོན་ཐོག་དོ་སྣང་དང་རྒྱབ་སྐྱོར་ཡོང་རྒྱུར་ཞུ་མ་དགོས་པ་ཞིག་རེད་”ཅེས་གསུངས་སོང་།

sogyan_rinpo_che_usaཨ་རིར་གནས་བཞུགས་རྙིང་མའི་བླ་མ་བསོད་རྒན་རིན་པོ་ཆེ་ལ་ཐེངས་འདིའི་སེམས་དང་སྲོག་གི་བགྲོ་གླེང་སྐབས་སུ་དམིགས་བསལ་གྱི་མྱོང་ཚོར་ཅི་བྱུང་སྐོར་ལ་བཅར་འདྲི་ཞུས་པར། ཁོང་གིས། “སྤྱིར་བཏང་ཚན་རིག་གི་ཕྱོགས་ནས་སློབ་སྦྱོང་ཞེ་དྲག་མེད་པ་ཡིན་པས།   ཚན་རིག་གི་ཕྱོགས་ནས་མྱོང་ཚུལ་འདི་འདྲ་བྱུང་སོང་ཟེར་གྱི་མི་འདུག  ཡིན་ན་ཡང་༧གོང་ས་མཆོག་གིས་འདི་ལྟ་བུའི་དགོངས་གཞི་རྒྱ་ཆེན་པོ་བཞེས་ནས་འཛམ་གླིང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུའི་ཆེད་དུ་འདི་ལྟར་མཉམ་འབྲེལ་ཐོག་བགྲོ་གླེང་གོ་བསྡུར་གནང་བ་དེའི་ཕན་འབྲས་ཆེན་པོ་ཡོད་པའི་ཡིད་ཆེས་བྱེད་ཀྱི་ཡོད་”ཅེས་གསུངས་སོང།

ཆོས་བྱེད་དགེ་འདུན་པ་ཞིག་གི་ངོས་ནས་ཚན་རིག་ཐོག་སློབ་གཉེར་བྱས་ན་དེའི་གྲུབ་འབྲས་གང་འདྲ་ཞིག་ཐོན་གྱི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་ཅེས་དྲིས་པར། ཁོང་གིས། “༧གོང་ས་མཆོག་གིས་བཀའ་གནང་བ་ལྟར་རེད།  དེ་རིང་སང་ཉིན་འཛམ་གླིང་ལ་འགྱུར་བ་འགྲོ་ཡི་ཡོད་རེད།   དེ་བཞིན་འགྲོ་བ་མིའི་སྤྱི་ཚོགས་ལ་ཡང་འགྱུར་བ་འགྲོ་དང་འགྲོ་བཞིན་པ་རེད།  ༧གོང་ས་མཆོག་གིས་འདི་ལྟར་གསུངས་སོང་། སྔོན་ཇོ་བོ་རྗེ་དཔལ་ལྡན་ཨ་ཊི་ཤས་བོད་ནས་བྱང་ཆུབ་ལམ་སྒྲོན་གསུངས་པའི་སྐབས་སུ་བོད་ནང་གཅིག་པུ་ལ་དམིགས་ནས་གསུངས་པ་རེད།  དེ་རིང་སང་ཉིན་འགྱུར་བ་འགྲོ་ཡི་ཡོད་རེད། དེར་བརྟེན་རྒྱ་གར་གྱི་པཎ་གྲུབ་རྣམས་ཀྱིས་ཇི་ལྟར་དགོངས་བཞེས་པ་དེ་ལྟར། མ་འོངས་པར་བོད་གཞིས་བྱེས་མཉམ་འཛོམས་བྱུང་བའི་སྐབས་སུ་ཡིན་ན་ཡང་དུས་རབས་གསར་པའི་ཆོས་པ་ཞིག་བྱེད་རྒྱུའི་ཆེད་དུ་འདི་ལྟ་བའི་ཤེས་བྱའི་རྣམ་གྲངས་མང་པོ་ཞིག་སློབ་གཉེར་བྱེད་བཅུག་གི་ཡོད་པ་ནང་བཞིན་དེ་ལྟར་དུ་གྲུབ་འབྲས་ཐོན་པ་ངོས་འཛིན་བྱེད་ཀྱིན་ཡོད་”ཅེས་གསུངས་སོང་།

བོད་དོན་བདེན་མཐའ་སེལ་བར་ཚན་རིག་སྦྱུང་བརྩོན་གྱིས་ཕན་འབྲས་ག་འདྲ་ཐོན་གྱི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་དམ་ཞེས་དྲིས་པར། ཁོང་གིས། “སྤྱིར་བཏང་ང་ཚོའི་བོད་ནང་ལོགས་སུ་ཆགས་བཞག་པ་ཡིན་ན།   སྐད་ཡིག་རིག་གཞུང་ཐམས་ཅད་ཉམས་ཆག་སུ་འགྲོ་ཡི་ཡོད་རེད་ལ། ཧ་ཅང་ཛ་དྲག་པོ་ཆགས་བསྡད་ཡོད་རེད་དེ།  ང་ཚོ་ཕྱི་ལོགས་སུ་ཡོད་པའི་བོད་པ་ཚང་མའི་ངོས་ནས་ཡིན་ན་ཡང་རེད།  འདི་ལྟ་བུའི་འཛམ་གླིང་སྤྱི་དང་བྱེ་བྲག་གནད་ཡོད་མི་སྣ་ཚོས་འབྲེལ་བ་བྱས། ཁོང་རྣམ་པ་ཚོའི་ངོས་ནས་བོད་ཀྱི་རིག་གཞུང་ངམ་ནང་བསྟན་རིག་གནས་འདིར་དོ་སྣང་བྱས་ཡོང་དུས་དངོས་སམ་བརྒྱུད་ནས་བོད་བསྟན་པ་ཆབ་སྲིད་ལ་ཕན་ཐོགས་རྒྱ་ཆེན་པོ་ཞིག་ཡོང་གི་རེད་བསམ་གྱི་འདུག་ཅེས་གསུངས་སོང་།

dawa_namgyal_manri_wonpoགཡུང་དྲུང་བོན་གྱི་མ་དགོན་སྨན་རི་གླིང་གི་དགེ་བཤེས་ཟླ་བ་རྣམ་རྒྱལ་ལ་ཐེངས་འདིའི་སེམས་དང་སྲོག་གི་བགྲོ་གླེང་སྐབས་སུ་དམིགས་བསལ་གྱི་མྱོང་ཚོར་ཅི་བྱུང་སྐོར་ལ་བཅར་འདྲི་ཞུས་པར། ཁོང་གིས། “༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་གཞིར་བཟུང་གི་ཐོག་རེས་སུ་མ་ཆད་པའི་ཆོས་བྱེད་དགེ་འདུན་པ་གཙོས། སྤྱི་ཡོངས་ནས་སྤྱི་ཚོགས་ཁྲོད་དར་ཁྱབ་ཆེ་པའི་ཚན་རིག་དང་མཉམ་འབྲེལ་གྱི་ཐོག་ནས་འགྲོ་ཐུབ་པ་ཡིན་ན་ང་རང་ཚོ་ནང་ཆོས་ཀྱི་བསྟན་པ་དེ་ཡང་ཧ་ཅང་ཡུན་རིང་དུ་གནས་ཐུབ་པ་ཙམ་དུ་མ་ཟད།  འབྱུང་འགྱུར་འཛམ་གླིང་སྤྱི་ཡོངས་ལ་ཕན་ཐོགས་ཆེན་པོ་ཡོང་བ་བཅས་ཀྱི་ཕན་འབྲས་ཆེན་པོ་ཡོད་པའི་རེ་བ་མཐོང་སོང་”ཞེས་གསུངས་སོང་།

ཆོས་བྱེད་དགེ་འདུན་པ་ཞིག་གི་ངོས་ནས་ཚན་རིག་ཐོག་སློབ་གཉེར་བྱས་ན་དེའི་གྲུབ་འབྲས་གང་འདྲ་ཞིག་ཐོན་གྱི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་དམ་ཞེས་དྲིས་པར། ཁོང་གིས། “༧གོང་ས་སྐྱབས་མགོན་ཆེན་པོའི་དགོངས་གཞི་གཞིར་བཟུང་གི་ཐོག་ནས་བོད་ཀྱི་བླ་ཆེན་རྣམ་པ་དང་སྤྱི་ཡོངས་ནས་ལོ་མང་རིང་ཚན་རིག་ལ་དོ་སྣང་ཆེན་པོ་བྱེད་ཀྱི་འདུག  ང་རང་ཉིད་ཀྱི་ངོས་ཀྱང་ཚན་རིག་ལ་སྦྱང་བརྩོན་བྱེད་རྒྱུར་རྒྱུ་མཚན་དང་དགོས་པ་ཆེན་པོ་མཐོང་གི་འདུག་ལ།  དེ་ཡང་རྒྱུ་མཚན་གཅིག་དེང་སང་གི་ཚན་རིག་གི་སྤྱི་ཚོགས་དེ་ཧ་ཅང་དར་རྒྱས་ཡོང་སྡོད་ཀྱི་ཡོད་པ་རེད།   དེ་ཙམ་དུ་མ་ཟད་ཚན་རིག་གི་འགྲོ་བ་མི་ལ་ཕན་ཐོགས་དངོས་སུ་བྱུང་གི་ཡོད་པ་མཐོང་དང་མཐོང་བཞིན་པ་ཞིག་རེད།  ཚན་རིག་ལབ་པ་དེ་ཕྱིའི་དངོས་པོའི་གནས་ཚུལ་ལ་རིག་པས་བརྟག་ཅིང་དཔྱད་ནས་བདེན་པ་ཚོར་བ་ཞིག་དང་དེ་ལ་མི་མཐུན་པ་ཞིག་ཡོད་ན་ཡང་དོར་དུ་རུང་བ་ཞིག་དང་།  མཁྲེགས་འཛིན་གྱི་ལྟ་བ་མེད་པ།  ཧ་ཅང་གི་གུ་ཡངས་པོ་ཞིག་ཡོད་པ་བཅས་ཀྱི་ཆ་ནས་ང་རང་ཚོའི་ནང་ཆོས་ཐོག་ནས་བཤད་པའི་ཕྲ་གཟུགས་དངོས་པོའི་མཐོང་ཡུལ་དུ་གྱུར་བའི་རྡུལ་ཕྲན་འདྲ་བོ་ལ་ཆགས་བཞག་པ་ཡིན།  ཁོང་ཚོས་དེ་ཚོར་འགྲེལ་བཤད་ཕུལ་དུ་བྱུང་བ་རྒྱག་གི་ཡོད་པ་དང་། འགྲེལ་བཤད་དེ་ཚོ་ཡང་ང་རང་ཚོ་ནང་པའི་གཞུང་ནས་བྱེ་བྲག་སྨྲ་བ་དང་མདོ་སྡེ་པ་དེ་ཚོའི་འདོད་སྲོལ་དང་མཐུན་པ་ཙམ་དུ་མ་ཟད་འགྲེལ་བཤད་རྒྱབ་པ་ལ་ཕན་ཐོགས་ཀྱང་ཡོད་བསྡད་པ་དེ་འདྲ་ཞིག་ཆགས་ཀྱི་འདུག  ང་རང་ཚོའི་ཐོག་ནས་འཚེ་མེད་ཞི་བ་དང་།   བདེན་པར་མ་གྲུབ་པ། བདག་ཏུ་མ་གྲུབ་པའི་ལྟ་གྲུབ་དེ་དག་གི་ཐོག་ནས་ནུབ་ཕྱོགས་པ་དེ་ཚོར་ཕན་ཐོགས་ཡོད་པ་གང་ལྟར་ཕྱོགས་གཉིས་ཆར་ཕན་འབྲས་ཆེན་པོ་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་”ཅེས་གསུངས་སོང་།

བོད་དོན་བདེན་མཐའ་སེལ་རྒྱུར་ཚན་རིག་སྦྱུང་བརྩོན་གྱིས་ཕན་འབྲས་ག་འདྲ་ཐོན་གྱི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་དམ་ཞེས་དྲིས་པར། ཁོང་གིས། “༧གོང་ས་མཆོག་གིས་དུས་རྒྱུན་གསུངས་པ་ནང་བཞིན་མཐུན་པའི་ཐོག་ལ་འགྲོ་ཐུབ་པ་ཞིག་དང་།  ཚན་རིག་པའི་ཁ་ཕྱོགས་དེ་ཡང་འཚེ་མེད་ཞི་བདེ་ཡོང་རྒྱུར་ཕན་ཐོགས་ཆེན་པོ་ཡོད་པས།   ཆབ་སྲིད་ཀྱི་ཐད་ནས་འབྲེལ་བ་མེད་ཀྱང་།   ནུབ་ཕྱོགས་ཀྱི་ཚན་རིག་མཁས་དབང་ཚོ་དང་མུ་མཐུད་ནས་འབྲེལ་བ་དམ་དུ་སོང་བ་ཡིན་ན། དེ་དང་དེ་འབྲེལ་གྱིས་བོད་དོན་བདེན་པ་སེལ་བར་དངོས་ཤུགས་བརྒྱུད་གསུམ་ནས་རིམ་པས་ཤུགས་རྐྱེན་ཏན་ཏན་ཡོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་”ཅེས་གསུངས་སོང་།

མོན་གྷོ་གསར་འགོད་པས་བཅར་འདྲི་བྱས།