ཤེས་ཡོན་དང་བསམ་བློས་རྒྱ་ནག་ལ་ཁ་གཏད་གཅོག་ཐུབ་དགོས།

ལན། ༡ གུས་པ་སྤྱི་འཐུས་ལ་ལངས་དགོས་པའི་རྒྱུ་མཚན་ནི། བཙན་བྱོལ་སྒྲིག་འཛུགས་ཀྱི་མང་གཙོའི་རྣམ་འགྱུར་རྒྱ་ནག་དམར་པོའི་གཞུང་དང་། རྒྱ་ནག་དམར་པོའི་མགོ་སྐོར་འོག་གནས་པའི་རྒྱ་རིགས་མི་མང་རྣམས་ལ་སྟོན་ཆེད་དང་། རང་ཉིད་ཀྱིས་ལོ་མང་རིང་བསགས་པའི་ཉམས་མྱོང་བཀོལ་སྤྱོད་བྱ་རྒྱུ་དེ་ཡིན།

དྲི་བ། ༢ སྐུ་ཉིད་ལ་འོས་ཐོབ་ན་ལས་དོན་གཙོ་བོ་གང་ལ་ཤུགས་སྣོན་རྒྱག་རྩིས་ཡོད་དམ།
ལན། ༢ གུས་པར་འོས་ཐོབ་པ་ཡིན་ན། སྤྱི་འཐུས་གཞན་རྣམས་དང་མཐུན་ལམ་དང་གཅིག་སྒྲིལ་གྱི་ནུས་པ་གོང་མཐོར་གཏོང་རྒྱུ་དང་། ལྷག་པར་རང་ཉིད་ལོ་ངོ་བཅུ་བཞི་ཙམ་ལ་མཐོ་རིམ་སློབ་གྲྭ་ཞིག་གི་དགེ་རྒན་བྱས་པ་ལས། བཙན་བྱོལ་སྤྱི་ཚོགས་ནང་གི་གཞོན་སྐྱེས་རྣམས་ཀྱི་ཤེས་ཡོན་གནས་ཚད་ཐད་རྒྱུས་མངའ་ཅུང་ཟད་ཡོད། དེ་ལ་བརྟེན་ནས་མ་འོངས་པའི་བཙན་བྱོལ་སྤྱི་ཚོགས་ནང་གི་ཤེས་ཡོན་མཐོར་འདེགས་དང་། ད་ལྟའི་ཤེས་ཡོན་སྲིད་ཇུས་ལ་བསྐྱར་ཞིབ་ཀྱིས་འཐུས་ཚང་དུ་གཏོང་བར་སྐུལ་འདེད་དང། མ་འོངས་པའི་བོད་རིགས་སློབ་གཉེར་བ་རྣམས་ཆེད་ལས་སློབ་སྦྱོང་ལ་སྐུལ་འདེད་དང་། སློབ་ཡོན་སྦྱོར་ཕྱོགས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུར་ཤུགས་སྣོན་རྒྱག་རྒྱུ་བཅས་གཙོ་བོ་ཡིན། དེའི་རྒྱུ་མཚན་ནི། བོད་མིའི་གྲངས་ཚད་དང་དཔལ་འབྱོར་གྱིས་རྒྱ་ནག་གི་ཁ་གཏད་ཆོག་མིན་ཇི་ལྟར་ཡང་། ཤེས་ཡོན་དང་བསམ་བློས་རྒྱ་ནག་དམར་པོའི་ཁ་གཏད་ཆོག་ངེས་ཤིག་བསྐྲུན་རྒྱུ་ནི་གལ་ཆེ་བར་མཐོང་།

དྲི་བ། ༣ སྐུ་ཉིད་ཀྱིས་འདས་པའི་གྲོས་ཚོགས་ནང་མ་འགྲིག་ས་གཙོ་བོ་དང་འཐུས་ཤོར་ཕྱིན་པ་གཙོ་བོ་ག་རེ་ལ་ངོས་འཛིན་བྱེད་ཀྱི་ཡོད་དམ། དེའི་ཐོག་དགོངས་ཚུལ་ག་རེ་ཡོད།
ལན། ༣ གུས་པའི་མཐོང་ཕྱོགས་ནི། གྲོས་ཚོགས་ནང་དུ་བསམ་བློའི་མཐུན་ཕྱོགས་ཀྱིས་ཕྱོགས་སྒྲིལ་བྱེད་པའི་རྣམ་འགྱུར་ཞིག་མཐོང་། སྤྱིར་བསམ་བློ་མཐུན་ཕྱོགས་ཀྱིས་ཕྱོགས་སྒྲིལ་བྱེད་པ་ནི་མིའི་སྤྱི་ཚོགས་ཀྱི་ལམ་ལུགས་ཤིག་ཡིན་མོད། གྲོས་ཚོགས་ནི་རིམ་པ་མཐོ་ཤོས་ཀྱི་སྒྲིག་འཛུགས་ཤིག་ཡིན་པར་བརྟེན། བློ་ཁ་མཐུན་ཕྱོགས་ཀྱིས་ཕྱོགས་སྒྲིལ་བྱས་ན་མང་པོ་ཞིག་འཐུས་ཤོར་དུ་འགྲོ་རྒྱུ་ནི་བཤད་མི་དགོས་པའི་དོན་གནད་ཅིག་རེད། དེ་ཡང་ལས་དོན་དང་པོ་དང་། བློ་ཁ་མཐུན་ཕྱོགས་ཀྱི་ཕྱོགས་སྒྲིལ་གཉིས་པར་མ་བཞག་པའི་སྐྱོན་རེད། མ་འོངས་པའི་གྲོས་ཚོགས་ནང་དུ་བློ་ཁ་མཐུན་གྱི་ཕྱོགས་སྒྲིལ་ཡོང་ངེས་ཡིན་མོད། ལས་དོན་བྱེད་སྐབས་ལས་དོན་དང་པོ་དང་། བློ་ཁ་མཐུན་ཕྱོགས་ཀྱི་ཕྱོགས་སྒྲིལ་གཉིས་པར་འཇོག་ཐུབ་པའི་ཁོར་ཡུག་ཡང་དག་ཅིག་བསྐྲུན་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ།

༤ གལ་སྲིད་༸གོང་ས་མཆོག་གིས་བོད་ཀྱི་སྲིད་ཀྱི་ཐུགས་འགན་མ་བཞེས་ཚེ་བཅའ་ཁྲིམས་ལ་བསྒྱུར་བཅོས་གང་དགོས་དང། ད་ལྟའི་བཅའ་ཁྲིམས་ནང་གི་སྡེ་སྲིད་ལྷན་ཚོགས་བསྐོ་སྟངས་ཐོག་དགོངས་ཚུལ་ག་རེ་ཡོད།
ལན། ༤ གུས་པའི་བསམ་ཚུལ་ལ། སྡེ་སྲིད་ལྷན་ཚོགས་མི་དགོས་པར་བཀའ་བློན་ཁྲི་པའི་དབང་ཚད་ཐད་འགྱུར་བ་གཏོང་དགོས་པར་མཐོང་། རྒྱུ་མཚན་ནི་ད་ལྟ་རང་རེའི་བཀའ་བློན་ཁྲི་པའི་འོས་འདེམས་བྱེད་སྟངས་ནི། སྲིད་འཛིན་ལམ་ལུགས་ཀྱི་མང་གཙོའི་སྲིད་འཛིན་འོས་འདེམས་བྱེད་སྟངས་དང་གཅིག་མཚུངས་ཡིན་པར་བརྟེན། ཁྲིམས་ལུགས་སྟེང་དུ་ཡོད་པའི་༸གོང་ས་མཆོག་གི་སྐུ་དབང་རྣམས་བཀའ་བློན་ཁྲི་པའི་སྟེང་དུ་འཕོ་འགྱུར་གཏོང་དགོས། དེ་ལྟར་བྱས་ན་ལས་དོན་སྒྲུབ་བདེ་བ་དང་། གླེང་རྙོག་མེད་པ་ཞིག་ཏུ་འགྱུར་ངེས། འོན་ཀྱང་གཞིས་བྱེས་གཉིས་མཉམ་འབྲེལ་མ་བྱུང་བའི་བར་དུ་༸གོང་ས་མཆོག་གིས་དུས་ནམ་ཡང་སྲིད་ཀྱི་ཐུགས་འགན་མུ་འཐུད་ནས་བཞེས་དགོས་པ་ནི་རང་རེ་རྣམས་ལ་མེད་དུ་མི་རུང་བའི་དོན་གནད་གཅིག་པུར་མངོན།

དྲི་བ། ༥ ད་ཡོད་ཀྱི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་སྒྲིག་འཛུགས་ཀྱི་འགྲོ་སྟངས་དེ་མ་འགྲིག་པ་དང་འགྱུར་བ་གཏོང་དགོས་པ་དེ་འདྲ་གཟིགས་ཀྱི་ཡོད་དམ།

ལན། ༥ བོད་པའི་མི་འབོར་ངེས་ཅན་ཡོད་པའི་རྒྱལ་ཁབ་བམ་གླིང་ཆེན་རྣམས་སུ་སྤྱི་འཐུས་མེད་ས་རྣམས་ལ་རིམ་པར་སྤྱི་འཐུས་ཡོད་པར་བཟོ་རྒྱུ་དང་། གྲོས་ཚོགས་ཀྱི་རྒྱུན་ལས་མི་དགོས་པར་སྤྱི་འཐུས་སྡེ་ཚན་ཁག་བགོས་ཀྱི་ལམ་ལུགས་བཙུགས་ན་ལེགས་པར་མངོན།།

{jcomments on}