པཎ་ཆེན་སྐུ་ཕྲེང་བཅུ་པར་རྗེས་དྲན་དང་ཞིབ་འཇུག་གི་དཔེ་དེབ།

tsangtuk_topla_2013པཎ་ཆེན་ཨེར་ཏི་ནི་ཞིབ་འཇུག་ཅེས་པའི་དེབ་དེ་རྒྱུ་ཆ་ཕྱོགས་རེས་པའི་དབང་དུ་སོང་མི་འདུག གཞུང་གི་ཕྱོགས་གཏོགས་བྱས་ནས་བླ་བྲང་ལ་དམའ་འབེབས་བྱེད་པ་དང་། བླ་བྲང་གི་ཕྱོགས་གཏོགས་བྱས་ནས་གཞུང་ལ་དམའ་འབེབ་བྱེད་པ་དེ་འདྲ་བྱུང་མི་འདུག་ཅེས་སཱ་ར་མཐོ་སློབ་ཀྱི་སློབ་དཔོན་བསོད་ནམས་རྒྱལ་མཚན་གྱིས་གསུངས་སོང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་༢༨་ཉིན་སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་གཙང་ཕྲུག་སྟོབས་ལགས་ཀྱིས། བརྩམས་པའི་“པཎ་ཆེན་ཨེར་ཏི་ནི་ཞིབ་འཇུག་”ཅེས་པའི་དཔེ་དེབ་དབུ་འབྱེད་དང་འབྲེལ། པཎ་ཆེན་སྐུ་ཕྲེང་བཅུ་པ་དགོངས་པ་རྫོགས་ནས་ལོ་ངོ་༢༤ འཁོར་བའི་རྗེས་དྲན་མཛད་སྒོ་ཞིག་གངས་སྐྱིོད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་འཚོགས་སོང་ལ། མཛད་སྒོའི་སྟེང་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེའི་སྐུ་ཚབ་བཀའ་ཤག་གི་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་དང་། དམིགས་བསལ་སྐུ་མགྲོན་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ། གཞན་ཡང་བོད་ཀྱི་དཔེ་མཛོད་ཁང་གི་ཞིབ་འཇུག་པ་ན་ག་སངས་རྒྱས་བསྟན་དར་དང་། སྭ་ར་མཐོ་སློབ་ཀྱི་ལོ་རྒྱུས་དཔོན་རྒན་བསོད་ནམས་རྒྱལ་མཚན། རིགས་སློབ་དབུ་འཛིན་དགེ་བཤེས་སྐལ་བཟང་དགྲ་འདུལ་སོགས་ཉམས་ཞིབ་པ་དང་། རྩོམ་སྒྲིག་པ། ཡིག་སྒྱུར་བ། རྩོམ་པ་པོ། དགེ་རྒན་སོགས་མི་གྲངས་༣༠ བརྒལ་བ་མཉམ་ཞུགས་བྱས་འདུག

tsangtuk_topla1_2013མཛད་སྒོའི་ཐོག་མར་དམིགས་བསལ་སྐུ་མགྲོན་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེས། སྣང་གསལ་མར་མེའི་ཞལ་འབྱེད་གྲུབ་མཚམས་ཐེངས་འདིའི་དཔེ་དེབ་རྩོམ་པ་པོ་གཙང་ཕྲུག་སྟོབས་ལགས་ཀྱིས་ཞིབ་འཇུག་གི་བརྒྱུད་རིམ་དང་འབྲེལ་བའི་གཏམ་བཤད་གནང་སྐབས། བོད་ནང་དང་མི་འདྲ་བར་བཙན་བྱོལ་ནང་རང་དབང་ཡོད་པས་དཔེ་དེབ་མང་པོ་ཞིག་བལྟ་ཀློག་བྱས་སྐབས་པཎ་ཆེན་རིན་པོ་ཆེ་སྐུ་དྲིན་ཆེན་པོ་ཡིན་པ་ཤེས་སོང་། དེ་ལ་བརྟེན་ནས་དེབ་འདི་འདྲ་ཞིག་རྩོམ་ཐུབ་པ་ཡིན་ན། གསལ་ཁ་མེད་པའི་གནས་ཚུལ་མང་པོ་ཞིག་གསལ་ཁ་ཆགས་ཐབས་དང་། པཎ་ཆེན་རིན་པོ་ཆེར་ང་རང་ཚོས་ལྟ་ཚུལ་གསར་པ་ཞིག་ཡོང་ཆེད་དུ་དེབ་འདི་རྩོམ་སྒྲིག་བྱས་པ་ཡིན། དེ་ཡང་དེབ་འདིའི་ནང་དོན་གཙོ་བོ་དེ་པཎ་ཆེན་རིན་པོ་ཆེ་སྐུ་གཤེགས་རྐྱེན་དེའི་སྐོར་བཤད་ཡོད། རྒྱུ་མཚན་གང་ཡིན་ཟེར་ན། པཎ་ཆེན་རིན་པོ་ཆེ་དགོངས་པ་རྫོགས་ནས་ལོ་༢༠ འཁོར་བའི་དུས་དྲན་གྱི་སྐབས་སུ། ༧གོང་ས་མཆོག་གིས་པཎ་ཆེན་རིན་པོ་ཆེ་སྐུ་མྱ་ངན་ལས་འདས་པའི་སྐོར་ལ་ཞིབ་འཇུག་གནང་དགོས་ཀྱི་འདུག་ཅེས་བཀའ་སློབ་གནང་བ་དང་། དུས་སྐབས་དེར་གཟིམ་ཆུང་འཇལ་ཁ་བཅར་སྐབས་བཀའ་སློབ་གནང་བ་སོགས་ལ་བརྟེན། དཔེ་དེབ་འདི་བརྩམས་པ་ཡིན་ཚུལ་སོགས་གསུངས་སོང་།

ཡང་ཁོང་གིས་དེབ་འདིའི་ནང་པཎ་ཆེན་རིན་པོ་ཆེའི་སྐུ་གཤེགས་རྐྱེན་དང་། གསང་ཡུམ་བཞེས་ཕྱོགས། མིང་དོན་མཚུངས་པའི་མི་རིགས་ས་ཁོངས་རང་སྐྱོང་གི་རྩོད་ལེན། བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ། ནང་བསྟན་གྱི་མཛད་པ། ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ། རིག་གནས་གསར་བརྗེའི་སྐབས་ཀྱི་འཐབ་འཛིང་། ༧གོང་ས་མཆོག་དང་པཎ་ཆེན་རིན་པོ་ཆེ་གཉིས་བར་གྱི་འབྲེལ་བ། དེ་བཞིན་བོད་རྒྱ་ཞི་མོལ་གྱི་དགོངས་ཚུལ་སོགས་གསལ་བཤད་བྱས་ཡོད་སྐོར་སོགས་ངོ་སྤྲོད་གནང་སོང་།

བོད་ཀྱི་དཔེ་མཛོད་ཁང་གི་ཞིབ་འཇུག་པ་ན་ག་སངས་རྒྱས་བསྟན་དར་གྱིས་ཞིབ་འཇུག་དང་འབྲེལ་བའི་གསུངས་བཤད་གནང་སྐབས། རྩ་བས་ང་རང་ཚོར་ལོ་རྒྱུས་མང་པོ་ཡོད་ན་ཡང་ལོ་རྒྱུས་དང་འབྲེལ་བའི་པར་ཡོད་པ་དེ་འདྲའི་རིགས་དཀོན་པོ་རེད། ཡིན་ན་ཡང་དེབ་འདིར་ལོ་རྒྱུས་དང་འབྲེལ་བའི་བར་མང་པོ་བཞག་ཡོད་པ་དེ་ཡག་པོ་རེད། དེབ་འདིིའི་ཁྱད་ཆོས་གཙོ་བོ་དེ། བོད་ཡིག་ཤེས་མཁན་སུས་ཀློག་པ་ཡིན་ན་ཡང་གོ་ཐུབ་པ་ཞིག་བྲིས་འདུག་པ་དེ་ཡིན་ཚུལ་དང་། ༧གོང་ས་མཆོག་དང་པཎ་ཆེན་རིན་པོ་ཆེ་གཉིས་ཀྱི་བར་གྱི་འབྲེལ་བ་གསལ་པོ་བཟོས་ཡོད་པ་ཡག་པོ་བྱུང་ཡོད་སྐོར། དེ་བཞིན་ཞིབ་འཇུག་པ་ཞིག་གི་ངོས་ནས་ལེགས་ཆ་དང་ཞན་ཆ་གཉིས་ཀ་གླེང་དགོས་སྐོར་དང་། དེ་བཞིན་དེབ་འདིའི་ནང་པཎ་ཆེན་རིན་པོ་ཆེའི་ཡོངས་འཛིན་དང་བཀྲ་ཤིས་ལྷུན་པོའི་པར་མ་བཞག་པ་དེ། ཕལ་ཆེར་ཞན་ཆ་ཞིག་ཆགས་ཡོད་སྐོར་སོགས་གསུངས་སོང་།

ཡང་ཁོང་གིས་པཎ་ཆེན་རིན་པོ་ཆེ་བོད་མི་རིགས་ལ་གཞན་དང་མི་འདྲ་བའི་བྱས་རྗེས་ཆེན་པོ་ཡིན་པས་དེ་དག་གི་ཆེད་བློས་བཏང་མང་པོ་གནང་སྟེ། རིག་གནས་གསར་བརྗེའི་རྗེས་སུ་བོད་ཀྱི་རིག་གནས་རྒྱུན་གནས་ཐུབ་པ་དེ་པཎ་ཆེན་རིན་པོ་ཆེའི་བཀའ་དྲིན་ཡིན་སྐོར་དང་། བོད་པ་ཚོས་པཎ་ཆེན་རིན་པོ་ཆེའི་བཀའ་དྲིན་མ་ཤེས་ནས་དྲིན་ལན་ལོག་མཇལ་བྱས་ཡོད་སྐོར་སོགས་གསུངས་སོང་།

སྭ་ར་མཐོ་སློབ་ཀྱི་ལོ་རྒྱུས་དཔོན་རྒན་བསོད་ནམས་རྒྱལ་མཚན་གྱིས། རྩ་བས་གཞུང་དང་བླ་བྲང་བར་གྱི་གནས་ཚུལ་ལ་བཤད་སྟངས་མང་པོ་ཡོད་རེད། དེབ་འདིའི་ནང་གཞུང་དང་བླ་བྲང་བར་གྱི་འགལ་ཟླ་དེ་དག་ཁུངས་སྐྱེལ་ཡོད་པའི་ཐོག་ནས་ངོ་སྤྲོད་གསལ་པོ་བྱས་འདུག དེ་ཡག་པོ་རེད། ལྷག་པར་དུ་རྒྱུ་ཆ་ཕྱོགས་རེས་པའི་དབང་དུ་སོང་མི་འདུག གཞུང་གི་ཕྱོགས་གཏོགས་བྱས་ནས་བླ་བྲང་ལ་དམའ་འབེབ་བྱེད་པ་དང་། བླ་བྲང་གི་ཕྱོགས་གཏོགས་བྱས་ནས་གཞུང་ལ་དམའ་འབེབ་བྱེད་པ་དེ་འདྲ་བྱུང་མི་འདུག བློ་གཟུ་བོར་གནས་པའི་ཐོག་ནས་བྲིས་ཡོད་པ་དེ་ཡག་པོི་རེད། དེ་བཞིན་དེབ་འདིའི་ནང་ས་བཅད་མང་པོར་བགོས་ཡོད་པ་དེ་ཡག་པོ་བྱུང་ཡོད་སྐོར་དང་།

ཡང་ཁོང་གིས་པཎ་ཆེན་རིན་པོ་ཆེ་དེ་བོད་རྒྱའི་བར་གྱི་ལོ་རྒྱུས་ཀྱི་རྡོ་རིང་ལྟ་བུ་ཡིན་ཚུལ་དང་།དངོས་གནས་བྱས་ན་ཁོང་གི་གནས་ཚུལ་དེ་ང་ཚོས་ཁ་གསལ་གཏིང་གསལ་ཤེས་དགོས་ཀྱི་ཡོད་ན་ཡང་། ང་ཚོས་ད་དུང་ཆ་ཚང་ཤེས་མེད་པས་མ་འོངས་པར་ཚང་མས་དེ་དག་ཤེས་ཐབས་འབད་བརྩོན་བྱེད་དགོས་སྐོར་སོགས་གསུངས་སོང་།

དམིགས་བསལ་སྐུ་མགྲོན་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེས་པཎ་ཆེན་རིན་པོ་ཆེར་ཞིབ་འཇུག་བྱེད་སྟངས་སྐོར་ལ་བཀའ་སློབ་གནང་གནང་སྐབས། ཁོང་གིས། པཎ་ཆེན་སྐུ་ཕྲེང་བཅུ་པ་དེ་བོད་ཀྱི་གནས་ཚུལ་ཉག་ཕྲ་བའི་དུས་ཚོད་ཅིག་གི་ནང་བྱུང་ཡོད་པ་རེད། དུས་ཡུན་རིང་པོ་ཞིག་ནས་ཁོང་གི་མཛད་རྣམ་ཞིག་བྱུང་ན་བསམ་བསྡད་ཡོད་པས། དེ་རིང་དེབ་འདི་འདྲ་ཞིག་རྩོམ་ཐུབ་པ་ཡག་པོ་བྱུང་ཡོད་སྐོར་དང་། བོད་མིའི་སྲོལ་རྒྱུན་གྱི་བསྟན་བཅོས་རྩོམ་སྐབས་སྤྱི་དོན་དང་མཐའ་དཔྱོད་གཉིས་ཀྱི་ཐོག་ནས། གང་དཔྱད་པར་བྱ་བའི་གཞི་དེའི་གྲུབ་དོན་འཚོལ་དགོས་པ་གལ་ཆེན་པོ་ཡིན་པས་དེ་རྒྱུན་བྱེད་དགོས་ཚུལ་དང་། ཞིབ་འཇུག་བྱེད་སྐབས་དེང་རབས་ཀྱི་ལེགས་ཆ་མང་པོ་ལེན་གྱི་ཡོད་པ་དེ་ཡང་བླངས་ཏེ། གནའ་དེང་ཟུང་འབྲེལ་གྱི་ཐོག་ནས་ཞིབ་འཇུག་བྱེད་དགོས་པ་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་སོང་།

ཡང་ཁོང་གིས་བྱུང་བ་རིག་པར་ཉམས་ཞིབ་བྱེད་སྐབས་བྱུང་བ་རིག་པ་བྱུང་སའི་དུས་རབས་དེ་ལ་རག་ལས་ཀྱི་ཡོད་སྐོར་དང་། བོད་ལ་དེ་བྱུང་རིག་པའམ་དེ་བྱུང་རིག་པ་དང་འབྲེལ་བའི་རྩོམ་ཡིག་འབྲི་མཁན་ཧ་ལམ་བྱུང་མེད་སྐོར། བོད་པའི་ཞིབ་འཇུག་བྱེད་སྟངས་རིག་པ་བཞིའི་སྒོ་ནས་དཔྱད་པ་བྱེད་རྒྱུ་དེ་གལ་ཆེན་ཡིན་སྐོར་དང་། ནུབ་ཕྱགས་དང་རྒྱ་གར་གྱིས་ལབ་སྟངས་དེ་ཏག་ཏག་བོད་པའི་རིགས་ནང་ཁྱེར་རྒྱུར་འབད་བརྩོན་བྱས་ན། དེ་ཡར་རྒྱས་ཀྱི་ཕྱོགས་ལ་འགྲོ་ཡི་ཡོད་དང་། ལྷད་བཏང་བའི་ཕྱོགས་ལ་འགྲོ་ཡི་ཡོད་ལ་བསམ་བློ་གཏོང་དགོས་སྐོར་སོགས་གསུངས་སོང་།

མཛད་སྒོའི་སྟེང་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེའི་སྐུ་ཚབ་བཀའ་ཤག་གི་དྲུང་ཡིག་གཡུ་ཐོག་ཀརྨ་དགེ་ལེགས་ཀྱིས། བོད་མི་རིགས་ལ་བྱས་རྗེས་ཆེ་བའི་པཎ་ཆེན་སྐུ་ཕྲེང་བཅུ་པའི་ལོ་རྒྱུས་ཀྱི་དེབ་འདི་འདྲ་ཞིག་དཔར་སྐྲུན་བྱས་ཐུབ་པར་རྗེས་སུ་ཡི་རངས་དང་། ཕྱིས་སུ་ང་ཚོས་གནས་ཚུལ་ཁ་གསལ་མེད་པ་དེ་དག་གསལ་པོ་བཟོ་དགོས་པ་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་སོང་།

དེ་རྗེས་ཉམས་ཞིབ་པ་དང་རྩོམ་སྒྲིག་པ་སོགས་ཀྱིས་པཎ་ཆེན་སྐུ་ཕྲེང་བཅུ་པས་བོད་ཀྱི་ཆབ་དཔལ་རིག་གསུམ་སླར་གསོ་དང་དར་སྤེལ་སླད་དགོངས་པ་དང་། སྐུ་ངལ་ག་འདྲ་བཞེས་མིན་ཐད་སྒེར་གི་དགོངས་ཚུལ་གསུངས་སོང་།

མཐར་ཐེངས་འདིའི་མཛད་སྒོ་གཙོ་སྐྱོང་བ་སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་རྩོམ་རིག་དགེ་རྒན་ངག་དབང་རྡོ་རྗེས་ཐུགས་རྗེ་ཆེ་ཞུས་གསུངས་བཤད་གནང་རྗེས་མཛད་སྒོ་གྲོལ་ཡོད་པ་རེད།