དགེ་བཤེས་ཁག་ཅིག་བཙན་ཁྲིད།

ཕྱི་ཟླ་༡ ཚེས་ ༡༤ ཉིན་རྒྱ་གཞུང་གིས་གདན་ས་སེ་འབྲས་དགའ་གསུམ་གྱི་མཁན་པོ་དང་དབུ་མཛད། དཔེ་ཁྲིད་དགེ་རྒན་སོགས་གནད་ཡོད་དགེ་བཤེས་སྐོར་ཞིག་ཚོགས་འདུ་ཞིག་ལ་ཁ་གཡར་ནས་ཁྲིད་པ་དང། ད་བར་གར་སོང་ཅི་ཆགས་ཀྱི་གནས་ཚུལ་ཤེས་རྟོགས་མེད་པར་གྱུར་འདུག

དེ་ཡང་བསོད་ནམས་ཀྱིས་ཟླ་འདིའི་ཚེས་༢༩ ཉིན་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་༡༤ ཉིན་རྒྱ་གཞུང་གིས་ལྷ་ས་འབྲས་སྤུངས་དགོན་པའི་མཁན་པོ་འཇམ་དཔལ་ལྷག་བསམ་དང། དབུ་མཛད་ངག་དབང། རྒན་ངག་དབང་དོན་ལྡན། རྒན་ངག་དབང་དཔལ་བཟང། རྒན་ངག་དབང་བསམ་གཏན། སེ་ར་དགོན་པའི་དགེ་སྐོས་མིག་དམར། དབུ་མཛད། རྒན་བསམ་གཏན། རྒན་ངག་དབང་བློ་གྲོས། རྒན་བཀྲ་ཤིས་རྒྱལ་མཚན་བཅས་དང། དགའ་ལྡན་དགོན་པའི་རྒན་སྐལ་ལྡན་དང། རྒན་བློ་བཟང་དངོས་གྲུབ། ལྷ་སའི་གཙུག་ལག་ཁང་གི་རྒན་ལྷུན་འགྲུབ་ཡར་འཕེལ་དང། རྒན་ཚེ་བརྟན་རྡོ་རྗེ། རྒན་ངག་དབང་བློ་འཕེལ་བཅས་རྒྱ་གཞུང་གིས་གསལ་བཤད་གང་ཡང་མ་བྱས་པར་གློ་བུར་དུ་ཚོགས་འདུ་ཞིག་ཡོད་པར་ཁ་གཡར་ཏེ་བཙན་ཁྲིད་བྱས་ཡོད་འདུག

ཕྱིས་སུ་ཁོང་རྣམས་ནག་ཆུ་ས་ཁུལ་གྱི་དགོན་སྡེ་དང་གྲོང་སྡེ་སོགས་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་སྤེལ་བར་བཙན་གྱིས་ཁྲིད་ཡོད་པར་གོ་ཐོས་ཙམ་ལས་ད་བར་གནས་ཚུལ་ཇི་བྱུང་ཤེས་རྟོགས་མེད་པ་རེད། གནས་ཚུལ་དེར་གདན་ས་སེ་འབྲས་དགའ་གསུམ་གྱི་གྲྭ་མང་ཚོས་སེམས་འཚབ་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་པ་མ་ཟད། ད་ཆ་ཚོགས་ཆོས་ར་སོགས་སྔར་རྒྱུན་བཞིན་འཚོགས་མ་ཐུབ་པ་དང་། སློབ་གཉེར་བ་རྣམས་ལ་དཔེ་ཁྲིད་དགེ་རྒན་མེད་པའི་རྐྱེན་གྱིས་ཉིན་རེར་སློབ་གཉེར་འཐུས་ཤོར་དུ་འགྲོ་བཞིན་ཡོད་འདུག
རྒྱ་གཞུང་གིས་༢༠༠༨ ལོར་གདན་ས་ཁག་གི་དཔེ་ཁྲིད་དགེ་རྒན་དང་གྲྭ་པ་རྣམས་འཛིན་བཟུང་བཙོན་འཇུག་བྱས་པ་དང། ད་ལོ་སླར་ཡང་མཁན་པོ་གཙོས་དགེ་རྒན་རྣམ་པ་བཙན་ཁྲིད་བྱས་དོན་ནི་ཆེད་དུ་བོད་ཀྱི་ནང་ཆོས་རྩ་མེད་བཟོ་རྒྱུའི་ངན་ཇུས་ཤིག་ཡིན་སྐོར་གྲྭ་པ་ཚོས་གླེང་གི་ཡོད་འདུག །