ཇོན་ཀེ་རེ་ཨ་རིའི་ཕྱི་སྲིད་དྲུང་ཆེར་བདམས་ཐོན།
ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་John Kerry མཆོག་ལ་གྲོས་ཚོགས་གོང་མའི་འཐུས་མི་བརྒྱ་ཆ་༩༤ ཡི་མང་མོས་རྒྱབ་སྐྱོར་ཐོབ་སྟེ། ཨ་རིའི་ཕྱི་སྲིད་དྲུང་ཆེར་བདམས་ཐོན་བྱུང་ཡོད་པ་རེད།
དེ་ཡང་ཟླ་འདིའི་ཕྱི་ཚེས་༢༩ ཉིན་གྲོས་ཚོགས་གོང་མའི་འཐུས་མི་ཚང་འཛོམས་ཀྱིས། ཕྱི་སྲིད་དྲུང་ཆེ་གཏན་ཁེལ་གྱི་འོས་བསྡུ་བྱས་པའི་ཁྲོད་ནས་སྐུ་ཞབས་John Kerry ལ། གྲོས་ཚོགས་གོང་མའི་འཐུས་མི་བརྒྱ་ཆ་བརྒྱ་ནས་༩༤མང་མོས་རྒྱབ་སྐྱོར་ཐོབ་ཏེ། ཁོང་ཨ་རིའི་ཕྱི་སྲིད་དྲུང་ཆེར་བདམས་ཐོན་བྱུང་ཡོད་པ་རེད། དེ་ཡང་ཐེངས་འདིར་དུས་ཡུན་རིང་པོ་མ་འགོར་བར་ཁོང་ལ་ཨ་རིའི་ཕྱི་སྲིད་དྲུང་ཆེའི་འོས་བསྡུའི་རྒྱལ་ཁ་ཚད་མཐོན་པོ་ཐོབ་པ་དེ་ནི། ཁོང་ལ་ཕྱི་སྲིད་ལས་དོན་ཐོག་མཉམ་མྱོང་དང་རྒྱུས་མངའ་ཆེན་པོ་ཡོད་པའི་ཡིན་སྐོར་སྲིད་དོན་དབྱེ་ཞིབ་པ་ཚོས་བཤད་ཀྱི་ཡོད་པ་རེད།
ཁོང་གིས་ལོ་ངོ་༣༠ ལྷག་གི་རིང་གྲོས་ཚོགས་ཀྱི་འཐུས་མིའི་ལས་ཁུར་བཞེས་ཏེ། འཛམ་གླིང་གི་ས་ཕྱོགས་གང་སར་སྐོར་བསྐྱོད་དང་འཛམ་གླིང་གི་མཐོ་རིམ་མི་སྣ་ཚོ་དང་མཉམ་ཐུག་འཕྲད་བྱས་མྱོང་ཡོད་པ་དང་། དེ་བཞིན་ཁོང་ནི་ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་དོན་རྒྱབ་སྐྱོར་གནང་མཁན་གཙོ་གྲས་ཤིག་ཡིན་པ་མ་ཟད། ༧གོང་ས་མཆོག་དང་སྲིད་སྐྱོང་བློ་བཟང་སེང་གེ་དང་མཉམ་མཇལ་འཕྲད་ཀྱང་གནང་མྱོང་ཡོད་པ་རེད།
སྐུ་ཞབས་John Kerry ནི་ད་ལྟ་དགུང་གྲངས་༦༩ ལ་སླེབས་ཡོད་པ་དང་། ཁོང་གིས་ཨ་རིའི་ཕྱི་སྲིད་དྲུང་ཆེའི་ལས་ཁུར་དམ་འབུལ་གྱི་དུས་ཚོད་ད་དུང་གཏན་འཁེལ་བྱུང་མེད་ནའང༌། ཕྱི་སྲིད་ལྷན་ཁང་གིས་བདུན་རྗེས་མའི་རེས་གཟའ་ཟླ་བའི་ཉིན་ཁོང་ལ་དགའ་བསུའི་སྣེ་ལེན་གྱི་མཛད་སྒོ་ཞིག་གོ་སྒྲིག་གནང་གཏན་ཁེལ་ཡོད་པ་རེད་འདུག