བོད་མི་དང་རྒྱ་ནག་གི་ཉེན་རྟོག་པའི་བར་འཁྲུག་འཛིང་།

ཕྱི་ཟླ་༡ ཚེས་༡༨ ཉིན་མདོ་སྨད་རྔ་པ་ཁུལ། ཁྱུང་མཆུ་རྫོང་། སྦྲ་ཆེན་ཡུལ་ཚོའི་གྲུབ་མཆོག་གིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་རྗེས། ཉེ་འཁོར་གྱི་མི་མང་ཁོང་གི་ནང་མྱ་ངན་ཞུ་ཆེད་བསྐྱོད་མཁན་རྒྱ་ནག་གཞུང་གིས་བཀག་འགོག་དང་བཅར་རྡུང་བྱས་པ་མ་ཟད། སྦྲ་ཆེན་ཡུལ་ཚོའི་བོད་མི་བཅུ་ཙམ་འཇུ་བཟུང་བཀག་ཉར་བྱས་ཡོད་འདུག

དེ་བཞིན་ཚེས་༡༩ ཉིན་ཁྱུང་མཆུ་རྫོང་བསེར་བསྡུས་ཡུལ་ཚོའི་ཐོག་གི་ཟ་ཁང་ཞིག་ནང་བོད་མི་ཁག་ཅིག་གིས་ཁ་ལག་ཟ་སྐབས། རྒྱ་ནག་གཞུང་གིས་ཉེན་རྟོག་པ་ཡོང་ནས་ཁོ་ཚོར་སོ་སའི་ནང་དུ་སོང་ཞེས་བཙན་སྐུལ་བྱས་པར། བོད་མི་ཚོས་ཉེན་རྟོག་པར་རྒྱུ་མཚན་གང་ཡིན་དྲིས་ཏེ་ལན་སློག་པར་བརྟེན།  རྒྱག་རེས་ཤོར་བ་དང་། ཉེན་རྟོག་པ་བདུན་ལ་རྨས་སྐྱོན་ཕོག་པ་དང་། དམག་མི་ཧ་ཅང་མང་པོ་འབྱོར་ཏེ་བོད་མི་ཚོར་མེ་མདའ་གང་བྱུང་བརྒྱབ་སྟེ། མི་གཅིག་ལ་མེ་མདའ་བརྒྱབ་ཏེ་འཛིན་བཟུང་བྱས་པ་གསལ་པོ་ཤེས་རྟོགས་བྱུང་ཡོད་པ་རེད།

རྒྱག་རེས་རྒྱག་མཁན་གཙོ་བོ་བཞི་བྲོས་བྱོལ་དུ་སོང་ཡོད་པ་དང་། ད་ལྟ་རྒྱ་ནག་གཞུང་གིས་མང་ཚོགས་ཁྲོད་དུ་ཚོགས་འདུ་མང་པོ་འཚོགས་ཏེ། བྲོས་བྱོལ་དུ་འགྲོ་མཁན་ཚོ་གཞུང་ལ་རྩིས་སྤྲོད་བྱེད་མཁན་ཡོད་ན། གཟེངས་རྟགས་སྤྲོད་རྒྱུ་ཡིན་པ་དང་། རང་ལུས་མེར་སྲེག་གཏོང་མཁན་གྲུབ་མཆོག་གི་ནང་དུ་མྱ་ངན་ཞུ་རུ་བསྐྱོད་ན་ཁྲིམས་འགལ་ཡིན་སྐོར་བརྗོད་དེ། ས་གནས་ཀྱི་དགོན་སྡེ་ཁག་དང་མི་མང་ཚང་མ་བཀག་འགོག་བྱས་པ་མ་ཟད། སྔོན་ལས་དམག་མི་མང་དུ་བཏང་སྟེ་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་འདུག་ཅེས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ནས་གནས་ཚུལ་སྤེལ་འདུག །