ཨ་མདོ་རེབ་གོང་དུ་བོད་མི་ཞིག་འཇུ་བཟུང་བཀག་ཉར།
ཨ་མདོ་རྨ་ལྷོ་རེབ་གོང་དུ་དེང་སྐབས་བོད་མི་གང་བྱུང་འཛིན་བཟུང་བྱེད་པ་དང་། ཉིན་རེར་མི་མང་ལ་དམ་དྲག་ཤུགས་ཆེར་དང་སུན་བཙེར་འཇིགས་སྐུལ་སོགས་བྱེད་ཀྱི་ཡོད་འདུག
བསོད་ནམས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཕྱི་ཟླ་༢ པའི་ཚེས་༢ ཉིན་གྱི་སྔ་དྲོ་རྨ་ལྷོ་རེབ་གོང་གཡེར་གཤོང་དགོན་པའི་རང་ལོ་༤༢སོན་པ་གྲྭ་ཡར་འཕེལ་དང་། གཡེར་གཤོང་དགོན་པའི་གྲྭ་རབ་དབྱངས་གཉིས་ས་གནས་མངགས་གཏོང་ཁང་དུ་ཉེན་རྟོག་པས་འབོད་འགུགས་ཀྱིས་འདྲི་བརྩད་ནན་མོར་བྱས་རྗེས་ཡར་འཕེལ་གྱི་ནག་ཉེས་ལ་གཞིགས་ནས་ཁྲིམས་ཐག་གཅོད་ཀྱི་ཡིན་སྐོར་བརྗོད་རེབ་གོང་གྲོག་དམར་ཁ་འོག་ཏུ་ཡོད་པའི་བཙོན་ཁང་དུ་བཙོན་འཇུག་བྱས་འདུག་པ་དང་། གྲྭ་སྒྲ་དབྱངས་ནི་དུས་རྒྱུན་ནད་པ་ཡིན་པ་དང་ཁོང་གི་ཨ་མ་ཡང་ནད་པ་ཞིག་ཡིན་པར་བརྟེན་སྒྲ་དབྱངས་རང་ཁྱིམ་དུ་མངགས་འདུག
ཁོང་གཉིས་འཛིན་བཟུང་བྱས་དགོས་དོན་ནི་ལོ་སྔོན་མའི་ནང་རྒྱ་ནག་གི་ཚོགས་ཆེན་བཅོ་བརྒྱད་ཀྱི་སྐབས་དང་སྟབས་བསྟུན་༢༠༡༢ལོའི་ཕྱི་ཟླ་༡༡པའི་ཚེས་༤ཉིན་རང་ལུས་མེར་རུ་བསྲེགས་ནས་རྒྱ་ནག་གི་དྲག་གནོན་དབང་བསྒྱུར་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་གནང་མཁན་ཨ་མདོ་རེབ་གོང་ཆུ་མ་ཀློག་གཤོང་སྡེ་བའི་རང་ལོ་༢༥ཡིན་པ་དཔའ་བོ་རྡོ་རྗེ་ལྷུན་འགྲུབ་ཀྱི་གདུང་ཐལ་རོང་བོ་དགོན་པའི་རྒྱབ་ངོས་གདོང་རྒྱ་གླད་ནས་ཀློག་གཤོང་སྡེ་པའི་རང་ཁྱིམ་དུ་གདན་འདྲེན་ཞུས་སྐབས་གྲྭ་ཡར་འཕེལ་གྱི་ལག་ཏུ་དཔའ་བོ་རྡོ་རྗེ་ལྷུན་གྲུབ་ཀྱི་སྐུ་པར་བཟུང་བ་དང་། སྒྲ་དབྱངས་ཀྱི་ལག་ཏུ་༧གོང་ས་མཆོག་གི་སྐུ་པར་བཟུང་ནས་དཔའ་བོ་རྡོ་རྗེ་ལྷུན་གྲུབ་ཀྱི་སྐུ་ཐལ་གདན་འདྲེན་ཞུས་པས་ཉེས་འཛུགས་འོག་འཛིན་བཟུང་བྱས་པ་ཞིག་རེད་འདུག
གནས་ཚུལ་དེ་དག་གི་རྐྱེན་པས་ཁོང་གི་ནང་མི་དང་རེབ་གོང་མི་མང་ངོས་ནས་སེམས་འཚབ་དང་རྒྱ་གཞུང་གིས་བྱས་སྟངས་ཡིད་ཐང་ཆད་ཀྱི་ཡོད་འདུག ཡར་འཕེལ་གྱི་ཕ་མིང་ལ་ཀླུ་འབུམ་རྒྱལ་རེད། ཡར་འཕེལ་ལགས་ནི་དཔའ་བོ་རྡོ་རྗེ་ལྷུན་གྲུབ་གྱི་ཨ་ཞང་རེད་འདུག །