བྱང་ཕྱོགས་ཁུལ་གྱི་བོད་དོན་ཞུ་གཏུག་ལས་འགུལ་མཇུག་བསྡོམས།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱ་གར་བྱང་ཕྱོགས་མངའ་སྡེ་ཁག་ཏུ་བོད་དོན་ཞུ་གཏུག་ལས་འགུལ་ཚོགས་ཆུང་གིས་ཟླ་༡ དང་ཉིན་བརྒྱད་ཀྱི་རིང་རྒྱ་གར་གྱི་མངའ་སྡེ་ཁག་བཅུའི་ནང་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་ནས། དེ་རིང་དྷ་སར་འབྱོར་ཏེ་ལས་འགུལ་མཇུག་བསྡོམས་བྱས་ཡོད་པ་རེད།
དེ་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྣམས་ཚོགས་ཆུང་ཁག་གསུམ་ལ་བགོས་ཏེ། རྒྱ་གར་གྱི་མངའ་སྡེ་ཁག་གི་ནང་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་བསྟུན། རྒྱ་གར་གཞུང་མང་གཉིས་ནས་བོད་དོན་རྒྱབ་སྐྱོར་ཡོང་ཆེད་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་ཡོད་པ་ལྟར། རྒྱ་གར་བྱང་ཕྱོགས་མངའ་སྡེ་ཁག་གི་ནང་བོད་དོན་ཞུ་གཏུག་གི་ལས་འགུལ་བ་སྤྱི་འཐུས་ཟླ་བ་ཚེ་རིང་དང་། སྤྱི་འཐུས་ཐུབ་བསྟན་ལུང་རིགས། སྤྱི་འཐུས་གངས་ལྷ་མོ། སྤྱི་འཐུས་སྐལ་བཟང་དགྲ་འདུལ། སྤྱི་འཐུས་རྨོག་རུ་བསྟན་པ་བཅས་ཀྱིས། ཟླ་༡ དང་ཉིན་བརྒྱད་ཀྱི་རིང་རྒྱ་གར་བྱང་ཕྱོགས་ཀྱི་མངའ་སྡེ་ཁག་བཅུའི་ནང་བོད་དོན་ཞུ་གཏུག་གིས་དྷ་སར་འབྱོར་ཏེ། དེ་རིང་དྷ་ཤོད་ཀ་ཅ་རིར་ཧིན་བོད་དབྱིན་གསུམ་གྱི་ཐོག་ནས་ཐེངས་འདིའི་ལས་འགུལ་མཇུག་བསྡོམས་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་།
སྐབས་དེར་སྤྱི་འཐུས་ཐུབ་བསྟན་ལུང་རིགས་ཀྱིས་གསར་འགོད་གསལ་བསྒྲགས་བྱེད་སྐབས། བོད་ནང་གི་བོད་མི་བརྒྱ་ལ་ཉེ་བས་བོད་མི་རིགས་ཀྱི་རང་དབང་དང་༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་ཆེད། རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་ཇུས་ལ་ངོ་རྒོལ་བྱས་ཡོད་པ་དེ་དག་ལ། རྒྱལ་སྤྱི་དང་ལྷག་པར་དུ་ང་རང་ཚོའི་གནས་ཡུལ་རྒྱ་གར་གྱི་མངའ་སྡེ་ཁག་གིས་རྒྱབ་སྐྱོར་ཡོང་ཆེད་ལས་འགུལ་འདི་སྤེལ་བ་ཡིན་སྐོར་དང་། དེ་བཞིན་རྩ་བས་རྒྱ་གར་གཞུང་གིས་བོད་མིའི་རྩ་དོན་འཐབ་རྩོད་ལ་རྒྱབ་སྐྱོར་ཡོད་ན་ཡང་། གྲོས་ཚོགས་དང་ཚོགས་པ་ཁག་གི་ནང་བོད་དོན་གླེང་སློང་དང་གྲོས་ཆོད་ཡོང་ཆེད་དུ་ཡིན་སྐོར། རྒྱ་གར་གྱི་མངའ་སྡེ་ཁག་གི་ཚོགས་མི་དང་ཆབ་སྲིད་པ་ཚོས་ཀྱང་བོད་དོན་གླེང་སློང་བྱེད་རྒྱུའི་ཁས་ལེན་བྱས་ཡོད་སྐོར་སོགས་གསུངས་སོིང་།
དེ་བཞིན་དེ་རིང་དགོང་དྲོར་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་སྐུ་མགྲོན་གཙོ་བོར་གདན་ཞུས་ཀྱིས། ལས་འགུལ་མཇུག་བསྡོམས་དང་འབྲེལ་མར་མེ་ཁྲོམ་སྐོར་ཞིག་དྷ་ས་མེག་གྷན་དུ་སྤེལ་ཡོད་པ་རེད།།