རྒྱ་གཞུང་གིས་བོད་མི་༧༠ འཛིན་བཟུང་བྱས་འདུག

རྒྱ་གཞུང་གིས་མཚོ་སྔོན་རྨ་ལྷོ་རང་སྐྱོང་ཁུལ་གྱི་རང་སྲེག་དོན་རྐྱེན་དང་འབྲེལ་བ་ཡོད་པའི་ཉེས་མིང་འོག་བོད་མི་༧༠ འཛིན་བཟུང་བྱས་ཏེ། བོད་མི་༡༢ ལ་ཁྲིམས་ཐག་གཅོད་གཏན་ཁེལ་ཡོད་པ་དང་། བོད་མི ༥༢ ལ་ཁྲིམས་ལུགས་ལྟར་ཉེས་ཆད་ནན་མོ་གཅོད་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་རེད་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་༢ ཉིན་རྒྱ་གཞུང་གི་ཤིན་ཧ་གསར་ཁང་གིས་གནས་ཚུལ་ཞིག་སྤེལ་ཏེ། རང་སྲེག་དོན་རྐྱེན་རྩད་གཅོད་ཆེད་རྨ་ལྷོ་ཁུལ་དུ་ཆེད་མངགས་བཅའ་སྡོད་བྱས་པའི་མཚོ་སྔོན་ཞིང་ཆེན་ཉེན་རྟོག་ཐིང་ཟེར་བའི་ཐིང་ཀྲང་གཞོན་པ། རྨ་ལྷོ་ཁུལ་བཅའ་སྡོད་ལས་དོན་ཚོགས་ཆུང་གི་མགོ་པ་ལུའུ་པིང་ཆན་ཟེར་བས་བཤད་དོན། ཉེན་རྟོག་པའི་ངོས་ནས་ནུས་ཤུགས་ཡོད་རྒུ་སྤྱད་དེ་རང་སྲེག་དོན་རྐྱེན་གྱི་གྱོད་དོན་འདི་དག་རྩད་གཅོད་བྱེད་ཀྱི་ཡིན། རང་སྲེག་དོན་རྐྱེན་བསྐུལ་མཁན་གྱི་མི་སྣ་དེ་དག་ལ་ཁྲིམས་ཆད་ནན་མོ་གཅོད་རྒྱུ་ཡིན་ཞེས་དང་།

ཁོང་གིས་མུ་མཐུད་བརྗོད་དོན། རང་སྲེག་དོན་རྐྱེན་འདི་ཕྱི་སྡོད་ཏཱ་ལའི་རུ་ཚོགས་ནས་ངན་སྐུལ་བྱས་པ་དང་།  རང་སྲེག་པའི་པར་དང་མི་སྒེར་གནས་ཚུལ་ཕྱི་ལོགས་སུ་བཏང་རྗེས་རང་བཟོ་བྱེད་ཀྱི་ཡོད།  རང་སྲེག་པ་ཁག་ཅིག་ནི་སེམས་པ་ཐང་པོ་མེད་པ་དང་། འཇིག་རྟེན་ལ་ཡིད་ལོག་སྐྱེས་པའི་མི་སྣ་དག་རེད།  རང་སྲེག་ལ་བརྟེན་ནས་མིས་གུས་བཀུར་ཐོབ་ཐབས་བྱེད་པ་དང་། དེའི་སྟེང་དུ་མི་རིགས་རིང་ལུགས་བསམ་བློ་ཤུགས་དྲག་ཡོད་པའི་མི་སྣ་ཉུང་ཤས་ཀྱིས་རང་སྲེག་པར་སེམས་གསོ་བྱེད་པ་དང་།  མི་རིགས་ཀྱི་དཔའ་བོར་བོས་ནས་རང་སྲེག་བྱེད་པར་བསྐུལ་སློང་བྱས་ཡོད་ཅེས་བསྒྲགས་ཡོད་འདུག

ཡང་རྨ་ལྷོ་ཁུལ་ཉེན་རྟོག་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་ཧོས་ཁྲིང་ཟེར་བས། ཕྱི་ལོ་༢༠༡༢ ལོའི་ཟླ་༦ པར་འཕགས་པ་སྐྱབས་རེབ་གོང་རྫོང་གི་ཁྲིམས་འགལ་རྩ་འཛུགས་གངས་ལྗོངས་སྲོལ་རྒྱུན་རིག་གནས་ཞབས་ཞུ་ལྟེ་གནས་ཞེས་པར་འཛུལ་ཡོད་པ་མ་ཟད། ཐེངས་མང་རྩ་འཛུགས་འདིའི་ཚབ་བྱས་ནས་དུར་འཇུག་བྱེད་སར་ངན་སྐུལ་སྐད་ཆ་བཤད་ཡོད་པ་རེད། ཕྱི་ལོ་༢༠༡༢ ཟླ་༦པར་འཕགས་པ་སྐྱབས་ཀྱིས་དགེ་རྒན་གྱི་མིང་གཡར་ནས།  རེབ་གོང་མདོ་བ་ཤང་གི་སློབ་མ་༥༠ སྐོར་སྣེ་ཁྲིད་ནས་མདོ་བ་ཤང་སྲིད་གཞུང་སྒོ་ཁར་མཛོམས་ཏེ། བོད་རང་བཙན་གྱི་སྐད་འབོད་ཀྱང་བྱས་པ་རེད་ཅེས་བཤད་ཡོད་པ་རེད།