༄། ཁ་བའི་རང་དབང་དགྲ་བོར་ལེགས་སྐྱེས་མིན།།

ཁ་བ་གངས་ཅན་ནག་ལྗོངས་ཕྱུག་མོ་རུ།། ཁ་ལེ་རླུང་རྟ་དར་བའི་ལོ་རྒྱུས་ཡང་།། ཁ་བའི་རྗེས་ལུས་བོད་མི་ཞབས་འདྲེན་འགས།། ཁ་ལྕེས་བསུབ་པའི་གཏམ་འདི་སྙིང་ལ་གཟན།།  ཁ་ཐུག་དགྲ་ལ་ངོ་དགའ་བཤད་པ་དང་།། ཁ་ངོ་གཉིས་གསུམ་བརྗེ་བའི་ཕྱག་རྗེས་འཕྲུལ།། ཁ་བའི་ལས་དབང་སྐེད་ནས་གཅོད་པ་སོགས།། ཁ་ནག་ཁ་ཤས་ཁ་བའི་དགྲ་ལས་སྡུག །།

ཁ་བ་ཅན་པས་ཙི་ནའི་ཡུལ་བཅོམ་ཞིང་།། ཁ་བས་སུམ་གཉིས་དབང་བྱས་གླིང་བཞིར་གྲགས།། ཁ་བར་ཆགས་འཇིག་རྒྱལ་རབས་སིལ་འཐོར་ཡང་།། ཁ་བས་ནམ་ཡང་གཞན་ལ་མགོ་མ་བསྒུར།། ཁ་བ་རྒུད་པའི་དུས་ཀྱི་ཁུག་སོ་ལ།། ཁ་བའི་གཉའ་བར་ཞོན་པའི་ཙི་ན་པར།། ཁ་བའི་ཁ་རྗེ་དབང་ཐང་གྱེན་ཕུལ་ནས།། ཁ་བའི་རྐང་རྗེས་ཁ་བས་མ་གསུབས་རོགས།། ཁ་བ་གྱོན་པའི་སྙིང་སྟོབས་ཡར་བསླང་ཞིང།། ཁ་བ་བཞུད་པའི་གངས་ཁྲོད་སླར་གསོས་ཏེ།། ཁ་བའི་འདབ་མ་ཚེར་མའི་མཚོན་གྱུར་ནས།། ཁ་བའི་རྒྱལ་ཁབ་ལེན་ལ་དམག་ཤོམས་ཤིག །། ཁ་བར་དུང་ན་ཁ་བའི་ལས་དབང་རྩོད།། ཁ་བར་ཞེན་ན་ཁ་བའི་རིག་གཞུང་སློབས།། ཁ་བ་དགོས་ན་ཁ་བའི་རང་བཙན་རྩོད།། ཁ་བར་སེམས་ན་སྤུན་ཟླའི་ཚེ་སྲོག་སྐྱོབས།། ཁ་བར་ཁ་ཕྱོགས་མེད་པས་ལམ་ཕྱོགས་ནས།། ཁ་བའི་གཅེས་ཕྲུག་ཚེ་སྲོག་ཤོར་ན་ཡང་།། ཁ་བའི་འདུན་ལམ་བརླག་པའི་རྒྱུ་ཉིད་ལས།། ཁ་བར་རེ་འབྲས་རྡོ་ལས་སྣུམ་འཚིར་མཚུངས།། ཁ་སེམས་གཉིས་མེད་ལྷག་བསམ་དག་པའི་བློས།། ཁ་བ་གངས་ཅན་བོད་མིའི་མ་འོངས་ལམ།། ཁ་ཐུག་རང་བཙན་འཐབ་རྩོད་མ་བྱས་ན།། ཁ་བ་རྗེས་མེད་ལོ་རྒྱུས་རླུང་གིས་འཁྱེར།། ཁ་བར་དམར་པོའི་མེ་དཔུང་མཆེད་ན་ཡང་།། ཁ་བ་དམར་པོ་མེ་ཡི་ཆ་ཤས་མིན།། ཁ་བས་མེ་ལྕེ་གཞོམ་ལ་མི་བརྩོན་པར།། ཁ་བ་མེ་འོབ་གཏན་སྡོད་འཚོ་ཐབས་བྲལ།། ཁ་བས་ལོ་རྩིས་ལོ་མགོ་ཆོས་སྲིད་དང་།། ཁ་བར་དར་བའི་གོམས་སྲོལ་ལུགས་བརྒྱུད་ནས།། ཁ་བས་མི་རིགས་རིག་གཞུང་རྒྱུད་འཛིན་ངང་།། ཁ་བས་ལུགས་རྙིང་གནམ་ལོ་གསར་ཚེས་བསུ།། ཁ་བའི་དཔའ་བོ་དཔའ་མོས་སྙིང་སྟོབས་དེས།། ཁ་བའི་སྤུ་ཟླའི་གོ་རྟོག་གཅིག་སྒྲིལ་ངང་།། ཁ་བའི་འདབ་མ་རེ་རེས་རང་བཙན་གྱི།། ཁ་བར་རི་བོར་མེ་ཏོག་རེ་རེ་ཕབས།། ཁ་བའི་རི་ལ་ཁ་བས་ལོ་རྒྱུས་ཀྱི།། ཁ་བ་དཀར་པོའི་དར་ཆ་མ་ཕབ་ན།། ཁ་བར་མི་རབས་མི་རབས་འཐབ་རྩོད་ཀྱིས།། ཁ་བ་རྗེས་མར་ལོ་རྒྱུས་དཔང་པོ་བྱོས།།