རང་བཙན་བསྒྲགས་གཏམ་ལ་བལྟ་བ།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༢༥ ཕྱི་ལོ་ ༢༠༡༣/༢/༡༣
རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་ལོ་རྒྱུས་ཀྱི་ཐོག་ནས་བོད་རང་བཙན་ཡིན་པའི་གནས་བབས་འཛམ་གླིང་དུ་བསྒྲགས་ནས་ལོ་༡༠༠ ཧྲིལ་པོ་འཁོར་ཡོད་པ་དང། དུས་མཚམས་དེ་ནི་བོད་ཀྱི་ལོ་རྒྱུས་ནང་དོན་སྙིང་ཆེན་པོ་ཡོད་པ་ཞིག་ཡིན།
དུས་རབས་༢༠ པ་མགོ་ཚུགས་ཙམ་ནས་དབྱིན་ཇིས་བོད་ལ་བཙན་འཛུལ་དཔུང་འཇུག་གིས་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་སོག་ཡུལ་དང་རྒྱ་ནག་ཏུ་ཕེབས་དགོས་བྱུང་ཞིང། དེའི་རྗེས་སུ་མན་ཇུའི་དཔུང་དམག་བོད་ལ་བཙན་འཛུལ་གྱིས་བོད་ཡུལ་ཡོངས་རྫོགས་དབང་བསྒྱུར་བྱ་རྒྱུའི་གྲབས་གཤོམ་བྱས་པའི་སྐབས། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་སྐུ་འཁོར་དང་བཅས་པ་རྒྱ་གར་དུ་ཉེན་གཡོལ་ལ་ཕེབས་དགོས་བྱུང་ཡོད། དེ་ལྟར་རྒྱལ་ཁབ་གཞན་གྱིས་སྔ་རྗེས་མ་བདག་བདག་བཟུང་བྱེད་རྩིས་བྱས་ཀྱང། བོད་དེ་ཞི་བདེ་རང་བཙན་ཅན་གྱི་རྒྱལ་ཁབ་ཅིག་ཡིན་པ་བསྒྲགས་གཏམ་འདིའི་ཐོག་ནས་གསལ་སྟོན་གནང་བ་ཞིག་རེད།
བོད་རང་བཙན་གྱི་བསྒྲགས་གཏམ་སྤེལ་བ་འདིའི་ཐོག་ནས། བོད་རང་བཙན་གྱི་ལོ་རྒྱུས་ངོས་འཛིན་ཐུང་དུ་འགྲོ་བ་ལྟ་བུ་ཞིག་ཏུ་གྱུར་མེད་དམ་སྙམ་པའི་དོགས་པ་ཡོད་མཁན་རེ་ཟུང་ཡོད་ཀྱང། དོན་དངོས་གོང་དུ་བཤད་པ་བཞིན་དབྱིན་ཇི་དང་མན་ཇུའི་དཔུང་དམག་གིས་སྔ་རྗེས་བོད་དུ་བཙན་འཛུལ་གྱིས་བོད་ཡུལ་དབང་བསྒྱུར་བྱེད་རྩིས་བྱས་ཀྱང། དོན་དངོས་ལོ་རྒྱུས་ཀྱི་གནས་བབས་ཐོག་ནས་བོད་རང་བཙན་ཡིན་པ་དང། མན་ཇུའི་དཔུང་དམག་བོད་ནས་མཐར་སྐྲོད་བཏང་སྟེ་སྐབས་དེའི་བོད་ཀྱི་གནས་སྟངས་བཅས་ཕྱིར་བསྒྲགས་གནང་བ་ཞིག་ལས། ལོ་རྒྱུས་ཀྱི་གནས་བབས་ཐོག་ནས་བོད་རང་བཙན་མ་ཡིན་པར་ཕྱི་ལོ་༡༩༡༣ ལོར་གཞི་ནས་བོད་ལ་རང་བཙན་ཐོབ་པ་ལྟ་བུ་ཞིག་ཏུ་གཏན་ནས་གྱུར་མེད། དེར་བརྟེན་སྐབས་དེར་བཙན་འཛུལ་བྱེད་མཁན་སྔ་རྗེས་བྱུང་བས་རང་བཙན་གྱི་བསྒྲགས་གཏམ་འདི་ནི། བོད་ཀྱི་ལོ་རྒྱུས་དང་སྐབས་དེའི་དོན་དངོས་ཀྱི་ཐོག་ནས་རང་བཙན་གྱི་གནས་བབས་དེ་གསལ་སྟོན་གནང་བ་ཞིག་རེད།
བསྒྲགས་གཏམ་དེའི་ནང། “སྔར་ཇིང་གི་སི་ཁཱང་དང་། ཨལ་ཐན་རྒྱལ་པོ་སོགས་སོག་དུས་དང་། མིང་སོགས་རྒྱ་རྒྱལ་རིམ་བྱོན་། ༸རྒྱལ་མཆོག་ལྔ་པ་ཆེན་པོའི་སྐུ་དུས་ནས་མན་ཇུ་༸གོང་མ་དང་མཆོད་ཡོན་དུ་འབྲེལ་ཏེ་ཕན་ཚུན་སྐྱོང་རེས་ཀྱི་གནས་བབས་བཅས་དེ་ལྟར་ཡང། བར་ལམ་ཟི་ཁྲོན་དང་། ཡུན་ནན་གྱི་རྒྱ་རིགས་ལས་བྱེད་འགའ་ཞིག་ནས་བོད་ས་ཟ་སེམས་ཀྱིས་དབང་ཤུགས་བརྡབས་མནར་ཚོད་མེད་བྱས་པས་མ་ཚད། ཆིངས་གསལ་ཚོང་རྭ་ཁག་གི་ཁྲིམས་སྲུང་ཡིན་ཚུལ་རྒྱ་དམག་ཁྱོན་ཆེ་རྒྱལ་ས་ལྷ་ལྡན་དུ་ལྷག་འབྱོར་བྱུང་བ་བཅས་ལ་བརྟེན་རྒྱ་བོད་མཆོད་ཡོན་གྱི་འབྲེལ་བ་ཙམ་ལས། གཅིག་འོག་ཏུ་གཅིག་མེད་པའི་གནས་ལུགས་ཡོང་རྐྱེན་གསལ་བཤད་བྱེད་པར་ངོས་རྒྱལ་བློན་རྣམས་ས་མཚམས་སུ་བསྐྱོད་དེ་པི་ཅིང་རང་ལ་ལྕགས་སྐུད་ཐོག་ནས་བཀའ་མོལ་ཞུ་རྩིས་དེ་ལྟར་ཡང་། ངོས་ཐོན་པའི་རྗེས་སུ་གསོད་བཟུང་གང་ཐུབ་བྱེད་པར་གོ་མཚོན་ལྡན་པའི་རྒྱ་དམག་གཅིག་རྒྱབ་གཉིས་སྣོན་དུ་བཏང་རྐྱེན་རེ་ཞིག་རང་ས་བརྒལ་ཏེ་མི་འགྲོ་མཐུ་མེད་བྱུང་”ཞེས་སོགས་འཁོད་ཡོད།
སྐབས་དེར་བོད་ཡུལ་ཡོངས་རྫོགས་ཚུད་ཡོད་མེད་ཐད་དོགས་པ་བྱེད་མཁན་ཡོད་ཀྱང། བསྒྲགས་གཏམ་ནང་”བསིལ་ལྡན་རྭ་བ་དཀར་པོས་ཁོར་ཡུག་ཏུ་བསྐོར་བའི་སྨན་ལྗོངས་ཆེན་པོ་འདིའི་ཁོངས་སུ་གཏོགས་པའི་སྐྱེ་བོ་སེར་སྐྱ་དྲག་ཞན་བར་པ་བཅས་དང་། བྱ་བ་ཞི་དྲག་གི་སྣེ་མོར་མངགས་སླེབས་མཐའ་དག་ལ་བཟློ་བ།”ཞེས་དང། “བོད་རིགས་སྐྱེ་བོ་མཆོག་དམན་ཚང་མས་ཀྱང་རང་ནུས་གང་ཤར་གྱིས་རྒྱ་དམག་དང་འཐབ་འཛིངས་མུ་མཐུད་བྱས་པ་བཅས་ལ་བརྟེན་དབུས་གཙང་ཁུལ་དུ་ཡོད་པའི་རྒྱ་དམག་ཚང་མ་མཐར་བསྐྲོད་བཏང་ཟིན་ཏེ། ངོས་ཀྱང་རང་གི་སྐྱོང་ཡུལ་ཆོས་ལྡན་གྱི་ཞིང་དུ་བདེ་འབྱོར་ཐོག ཁམས་ཕྱོགས་ཡོད་པའི་འཕྲོས་ལྷག་རྣམས་ཀྱང་རིམ་བཞིན་མཐར་སྐྲོད་གཏོང་རྒྱུ་བཅས། ད་ཆ་བོད་ཡུལ་འདི་བཞིན་རྒྱ་ཕྱོགས་ནས་མཆོད་ཡོན་ཁ་ལ་འཁྱེར་ཏེ་དོན་དམ་བྲན་གཡོག་ཏུ་བཀོལ་རྒྱུའི་བསམ་སྦྱོར་ངན་གཤོམ་དེ་དག་བྱེ་མའི་ཆངས་བུའམ། ནམ་མཁའི་འཇའ་ཚོན་ལྟར་ཅིག་ཅར་དུ་ཞི་”ཞེས་སོགས་ཀྱིས་གསལ་སྟོན་གནང་ཡོད།
བོད་རང་བཙན་གྱི་བསྒྲགས་གཏམ་སྤེལ་ནས་ལོ་བརྒྱ་འཁོར་བའི་དུས་ཚིགས་དེ་གཞུང་སྒེར་ཡོངས་ནས་སྲུང་རྩི་ཞུ་དགོས་པ་ཞིག་ཡིན་ལ། བཀའ་ཤག་སྐབས་བཅུ་གསུམ་པས་དུས་དྲན་འདི་དང་འབྲེལ་བའི་ཐོག་མའི་འགོ་འཛུགས་ལྟ་བུར་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་སྐོར་གཞུང་ཞབས་རྣམས་ལ་མཁས་པའི་གསུང་བཤད་ཅིག་གོ་སྒྲིག་གནང་ནས། བརྙན་འཁོར་དེ་དག་ས་གནས་ཀུན་ཏུ་འགྲེམས་སྤེལ་གནང་སོང་ཡང། དེའི་རྗེས་སུ་དུས་དྲན་དེ་དང་འབྲེལ་བའི་སྐོར་གོ་ཐོས་གང་ཡང་མེད་པར་གྱུར་སོང། བོད་རང་བཙན་སློབ་ཕྲུག་ཚོགས་པས་ལོ་གཅིག་གི་སྔོན་ནས་དུས་དྲན་འདི་དང་འབྲེལ་བའི་གྲ་སྒྲིག་དང་ལས་འགུལ་གང་མང་ཞིག་འཛམ་གླིང་གི་ཁྱོན་དུ་སྤེལ་སོང་ལ། འདི་ལ་བརྟེན་ནས་རྒྱ་དམར་དྲག་གཞུང་ལའང་འགུལ་བསྐྱོད་ཅིག་ཐེབས་ནས་སྐྱོན་བརྗོད་བྱེད་འགོ་བཙུགས་འདུག མ་འོངས་པར་བོད་ཀྱི་གནས་བབས་ག་འདྲ་ཞིག་ཏུ་འགྲོ་རྒྱུ་ཡིན་མིན་ཐད་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་གཞུང་སྒེར་ལངས་ཕྱོགས་མི་མཐུན་པ་ཡོད་ཀྱང། ལོ་རྒྱུས་ཀྱི་གནས་བབས་ལ་ངོས་འཛིན་གཅིག་པ་ངེས་པར་ཡོད་དགོས་པར་བརྟེན་དུས་དྲན་འདི་གཞུང་སྒེར་ཚང་མས་སྲུང་རྩི་ཞུ་དགོས་པ་གལ་ཆེན་པོར་གྱུར་ཡོད།།