སྨར་ཁམས་བྲག་རྡིབ་དགོན་པའི་གྲྭ་པ་དྲུག་འཇུ་བཟུང་།

སྨར་ཁམས་རྫོང་འབོམ་པ་ཤང་གི་བྲག་རྡིབ་དགོན་པའི་གྲྭ་པ་ཁག་ཅིག་གིས་༧གོང་ས་མཆོག་བོད་ལ་ཕེབས་འཇུག་དགོས་པ་དང་། བོད་ལ་རང་བཙན་དགོས་པ་སོགས་ཀྱི་ སྐད་འབོད་བྱས་པར་བརྟེན་རྒྱ་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག

དེ་ཡང་འབྲེལ་ཡོད་ཀྱིས་བོད་ནས་ཁ་པར་བརྒྱུད་གསུང་དོན་ལྟར་ན། ཟླ་འདིའི་ཕྱི་ཚེས་༡༠ ཉིན་སྨར་ཁམས་རྫོང་སྤོམ་པ་ཤང་བྲག་རྡིབ་དགོན་པའི་གྲྭ་པ་ཁག་གཅིག་གིས་༧གོང་ས་མཆོག་བོད་ལ་ཕེབས་འཇུག་དགོས་པ་དང་། བོད་ལ་རང་བཙན་དགོས་པ་སོགས་ཀྱིས་རྒྱ་གཞུང་ལ་ངོ་སྒོལ་སྐད་འབོད་བྱས་ཡོད་འདུག་པ་དང་། དེ་མ་ཐག་རྒྱ་གཞུང་གིས་དམག་མི་ཕོན་ཆེན་བཏང་ནས་དགོན་པ་དང་གྲོང་པའི་བར་གྱི་འགྲོ་འོང་བཀག་ནས། བྲག་རྡིབ་དགོན་པར་དྲག་གནོན་ཚད་ལས་བརྒལ་བ་བྱས་ཏེ་དགོན་པ་དེའི་གྲྭ་པ་དྲུག་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག

ད་ལྟ་ས་གནས་དེར་དམ་དྲག་ཆེ་བའི་རྐྱེན་གྱིས་ཐེངས་འདིར་རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་གྲྭ་བ་དེ་དག་གི་ཞིབ་ཕྲའི་གནས་ཚུལ་རག་ཁག་པོ་འདུག་ཅེས་གནས་ཚུལ་འགྲེལ་བརྗོད་པས་ངོ་སྤྲོད་གནང་སོང་།

བྲག་རྡིབ་དགོན་པ་ནི་ཆོས་ལུགས་ས་སྐྱ་ཡིན་པ་དང་སྨར་ཁམས་ཁུལ་གྱི་དགོན་སྡེ་རྙིང་ཤོས་གྱི་གྲས་ཡིན་པ་རེད་འདུག