ལྡི་ལི་བོད་སྒར་དུ་མར་མེའི་ཁྲོམ་སྐོར།

ཟླ་འདིའི་ཚེས་༡༨ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་མཱ་ཇུ་ནུ་ཀ་ཊི་ལའམ་བོད་སྒར་བསམ་གླིང་བརྒྱ་འཐུས་ལས་ཁང་གི་གོ་སྒྲིག་འོག བོད་རིགས་སེར་སྐྱ་མི་མང་མཉམ་འཛོམས་ཀྱིས་བོད་ནང་གདུང་སེམས་མཉམ་བསྐྱེད་ཆེད་མར་མེའི་ཁྲོམ་སྐོར་ཞིག་བྱས་ཡོད་པ་རེད།

2013_02_18_18_51_29དེ་ཡང་ཕྱི་ཚེས་༡༨ ཉིན་གྱི་ཕྱི་དྲོ་ཆུ་ཚོད་༦ པའི་ཐོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བོད་སྒར་བསམ་ཡས་གླིང་བོད་གཞིས་བརྒྱ་འཐུས་ལས་ཁང་གི་གོ་སྒྲིག་འོག ས་གནས་བོད་རིགས་མི་མང་གིས་བོད་སྒར་བསམ་ཡས་གླིང་ཁྲོམ་སྲང་བར་བྱང་ཆུབ་སེམས་མཆོག་རིན་པོ་ཆེ་གྱེར་འདོན་བྱེད་བཞིན་མར་མེའི་ཁྲོམ་སྐོར་ཞིག་བྱས་ནས། ཕྱི་ཚེས་ ༡༧ ཉིན་བོད་ཨ་མདོ་བླ་བྲང་བསང་ཆུ་རྫོང་ཐོག་ཏུ་བོད་མི་གནམ་ལྷ་ཚེ་རིང་གིས་རང་ལུས་མེར་སྲེག་བཏང་སྟེ་སྐུ་གྲོངས་ཡོད་པར་གདུང་སེམས་མཉམ་བསྐྱེད་དང་མྱ་ངན་གུས་འདུད་ཞུས་སོང་།

མར་མེའི་ཁྲོམ་སྐོར་འགོ་བཙུགས་ནས་མཇུག་མ་གྲུབ་ཀྱི་བར་དུ་སྲང་ལམ་གཡས་གཡོན་གྱི་ཚོང་ཁང་དང་། ཟ་ཁང་ཚང་མའི་གློག་སྒྲོན་བསད་དེ་ད་ལྟའི་བོད་ནང་གི་གནས་སྟངས་མྱ་ངན་མཚོན་ཐབས་བྱས་ཡོད་པ་དང་། མཐར་ཁྲོམ་སྐོར་མཇུག་བསྡུ་སའི་བོད་དགོན་ཚེས་བཅུ་བྱང་ཆུབ་ལྷ་ཁང་མདུན་ཐང་དུ་མི་མང་གིས་མར་མེ་བསྒྲིགས་ནས་ཨང་གྲངས་༡༠༢ བྲིས་ཏེ། ད་བར་བོད་ནང་ནས་རང་ལུས་མེར་སྲེག་གཏོང་མཁན་༡༠༢ བྱུང་བར་མྱ་ངན་གུས་འདུད་དང་རྗེས་དྲན་མཚོན་ཐབས་བྱས་འདུག

ཟླ་འདིའི་ཚེས་༡༨ དགོང་མོ་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་སྒར་དང། ཀོ་ལེ་གྷལ་དོན་ལྡན་གླིང་། ཧོང་སུར་རབ་རྒྱས་གླིང་གཞིས་ཆགས་བཅས་སུ་ས་གནས་མི་མང་གིས་བོད་ནང་ལ་གདུང་སེམས་མཉམ་བསྐྱེད་མཚོན་པའི་མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད།།
ལས་འགུལ་གོ་སྒྲིག་པས་ད་ལྟའི་བོད་ནང་གི་ཛ་དྲག་གནས་ཚུལ་གསལ་བཤད་བྱས་པ་དང་། གཞིས་བཞུགས་རྒྱ་ཆེའི་མི་མང་ལ་གདུང་སེམས་མཉམ་བསྐྱེད་དང་། རྡོག་རྩ་ཆིག་སྒྲིལ་བྱེད་དགོས་སྐོར་སོགས་ཀྱི་གཏམ་བཤད་ཅིག་ཀྱང་བྱས་སོང།།
མེ་སོར་གསར་འགོད་པས་རྒྱ་གར་རྒྱལ་ས་ལྡི་ལི་ནས།