རྒྱལ་སྤྱིའི་ཡུམ་སྐད་ཉིན་མོ་ལ་བཀྲ་ཤིས་བདེ་ལེགས་ཞུ།།
གཟུགས་གྲུབ་ཙམ་ནས་ཨ་མའི་ལུས་དཀྱིལ་དུ།། གཟུགས་མེད་མ་སྐད་ཐོས་པས་སྐྱེད་སྲིང་ཞིང་།། གཟུགས་བཞི་རིམ་དར་མ་བཙས་བར་ཉིད་དུ།། གཟུགས་སྐྱོང་ཡིད་ཀྱི་སློབ་དཔོན་མ་ཡུམ་རྒྱལ།། སྐྱེས་ཙམ་ཉིད་ནས་ངུ་ངག་མཚམས་གཅོད་ཅིང་།། སྐྱེས་མའི་ལག་གཉིས་འཇམ་པོས་བྱིལ་བཞིན་དུ།། སྐྱེས་གཟེར་ཟུག་རྔུ་བརྗེད་ཅིང་འཛུམ་བཞད་ནས།། སྐྱེས་ཉིན་མ་སྐད་སློབ་པའི་མ་ཡུམ་རྒྱལ།། ཉིན་མཚན་སྦྲེལ་ནས་ཨ་མས་ཁྱེད་གཡོག་བྱེད།། ཉིན་ཟས་བཅག་ནས་ཨ་མས་ཁྱེད་ཉིད་གསོ།། ཉིན་མཚན་བརྗེད་ནས་ཨ་མ་གཉིད་ཆག་འཁུར།། ཉིན་ལྟར་ངལ་མེད་མ་ཡུམ་ཀུན་ལས་རྒྱལ།།
ཟླ་དགུར་ཁུར་བས་འཁང་ར་མི་བྱེད་ཅིང་།། ཟླ་བོ་ཁྲོས་ཀྱང་ཁྱེད་ལ་འཛུམ་མི་ལྷོད།། ཟླ་ནས་ཟླ་བར་ཁྱེད་ལ་སྙིང་བརྩེ་བ།། ཟླ་གང་ཟླ་བཞིན་མ་ཡུམ་རྟག་ཏུ་རྒྱལ།། ལོ་ཟླའི་བརྒྱུད་རིམ་ཁྲོད་ནས་དྲིན་ཆེན་མས།། ལོ་རིམ་ཇི་བཞིན་སྐད་དང་གོམ་སྟབས་ཚུན།། ལོ་ཚོད་མ་སྨིན་བར་དུ་མགོ་གཞུག་ཀུན།། ལོ་ཟླ་རིང་མོར་སློབ་པའི་ཡུམ་ཆེན་རྒྱལ།། དེ་རིང་རྒྱལ་སྤྱིའི་མ་ཡུམ་སྐད་ཡིག་ཉིན།། དེ་བཞིན་མ་ཡུམ་གངས་ལྗོངས་སྤུན་ཟླའི་ཚོཊ།། དེ་ལྟར་ལེགས་སྨོན་ཤིས་ཚིགས་ཞུ་བ་དང་།། དེ་སྲིད་རང་རིགས་རིག་གཞུང་རྒྱུད་འཛིན་བྱོས།། རྒྱལ་སྤྱིའི་མ་ཡུམ་སྐད་ཡིག་སྲུང་སྐྱོབ་ཉིན།། རྒྱལ་བཙན་བོད་མིར་ཕ་སྐད་འབོད་ན་ཡང་།། རྒྱལ་པོ་མེད་སར་གཡོག་པོས་བཀའ་བཀོད་བཞིན།། རྒྱལ་འབྲེལ་མཉམ་ལས་ཁྲོད་ནས་གངས་དཀྱིལ་ལུས།། སྐད་ཡིག་སྟོང་གི་ཉེན་ཚབས་བཟློག་པ་དང་།། སྐད་རིགས་དུ་མའི་རིན་ཐང་སྤར་བ་ཡི།། སྐད་བརྡའི་གོ་རྟོགས་སྲུང་བའི་དཔྱོད་ལྡན་ཚོགས།། སྐད་སྟོང་མཉམ་གཅིག་བསྟོད་དབྱངས་མཆོད་པ་འབུལ།། མ་སྐད་དང་པོ་མ་སྐྱེས་ཁོག་ནས་ཚོར།། མ་སྐད་གཉིས་པ་སྐྱེས་པའི་ཉིན་དེར་ཐོས།། མ་སྐད་གསུམ་པ་ངུ་མཚམས་གཅོད་དུས་སློབ།། མ་སྐད་མ་ཡུམ་སྐད་ཡིག་ཅིའི་ཕྱིར་མིན།། ཕ་སྐད་ཕ་ཡུལ་ཙམ་གྱི་སྒྲ་སྤྱི་དང་།། ཕ་སྐད་ཕ་གཞིས་སྲུང་བ་ཙམ་ཞིག་དང་།། ཕ་སྐད་འདོད་རྒྱལ་བོད་མིས་ཕོ་རྩིས་ལས།། ཕ་སྐད་བྱིས་པའི་སྐད་ཡིག་དང་པོ་མིན།། ལེགས་པར་དཔྱད་ནས་ཐ་སྙད་ཡུལ་སྲོལ་དུ།། ལེགས་པར་རྒྱུ་མཚན་མཐོང་སྟེ་སྤྱོད་པ་ལས།། ལེགས་མིན་སྐྱོན་གྱི་ཞྭ་མོས་མིག་བཀབ་ནས།། ལེགས་མཛེས་གཟུགས་བཟང་བསྟན་ཀྱང་མཐོང་དུ་ཟད།། བཀྲ་ཤིས་གང་ཞིག་བྷང་གྷའི་སྐད་ཡིག་ནས།། བཀྲ་ཤིས་པ་ཀིར་འཛམ་གླིང་སྐད་ཡིག་ཀུན།། བཀྲ་ཤིས་མི་ཉམས་གོང་ནས་གོང་འཕེལ་ངང་།། བཀྲ་ཤིས་རྒྱལ་སྤྱིར་དར་བའི་ཉིན་མོ་བཟང་།།