ཆོལ་གསུམ་རྡོག་རྩ་གཅིག་སྒྲིལ་ཞེས་པའི་ལས་འགུལ།

rigon2013_2_23ཟླ་འདིའི་ཚེས་༢༣་ཉིན་སུད་སིའི་བོད་ཆོལ་གསུམ་རྡོག་རྩ་ཆིག་སྒྲིལ་གྱི་ལས་འགུལ་ཞེས་པ་ སུད་སིའི་ས་གནས་རི་ཀོན་སློབ་གྲྭའི་ཚོགས་ཁང་དུ་འཚོགས་པ་དང་། དེར་མི་གྲངས་༤༠༠ ལྷག་འདུག་འཛོམས་བྱུང་ཡོད་པ་རེད།

གླུ་རྒྱལ་དོན་གྲུབ་ཀྱིས་གནས་ཚུལ་མཁོ་གཏོང་བྱས་པ་ལྟར་ན། ཐོག་མར་ལས་འགུལ་འགོ་འཛུགས་བྱས་པ་དང་། རི་ཀོན་དགོན་གྱི་དགེ་མདུན་པ་གཙོས་མི་མང་རྣམས་ཀྱིས་༧གོང་ས་མཆོག་གི་སྐུ་ཚེ་ཞབས་པད་བརྟན་པ་དང་བོད་དུ་རྒྱལ་གཅེས་དཔའ་བོ་བརྒྱ་ལས་བརྒལ་བ་ཞིག་གིས་རང་ལུས་མེར་སྲེག་གཏོང་མཁན་ཚོའི་ཆེད་དུ་བསྔོ་སྨོན་གསོལ་འདེབས་ཆུ་ཚོད་གཅིག་རིང་འཚོགས་སོང་།

སྨོན་ལམ་ཐོག་རི་ཀོན་དགོན་གྱི་མཁན་རིན་པོ་ཆེ་དབུ་བཞུགས་གནང་བ་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་ཆེད་ཕེབས་གནང་བ་དང་། མ་འོངས་བོད་ཀྱི་བདེན་མཐའ་གསལ་ཆེད་ལས་འགུལ་ཇི་ལྟར་སྤེལ་ཕྱོགས་སྐོར་ལ་བགྲོ་གླེང་ཆུ་ཚོད་གཅིག་རིང་འཚོགས་སོང་ལ། དེར་བོད་བསྟན་སྲིད་ཀྱི་ཆེད་དུ་རང་སྲོག་མཆོད་མེར་ཕུལ་མཁན་རྣམས་ཀྱི་ལོ་རྒྱུས་དང་འདྲ་པར། བརྙན་ཐུང་སོགས་གཟིགས་འབུལ་ངོ་སྤྲོད་ཞུས་སོང་།

rigon1_2013_2_23སྐུ་མགྲོན་གཙོ་བོ་ ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་ཀྱིས་གསུང་བཤད་གནང་སྐབས། “ང་རང་གང་དུ་ཕྱིན་པ་ཡིན་ན་ཡང་གཞོན་སྐྱེས་ཚོས་རང་ཉིད་བོད་པ་ཞིག་ཡིན་པས་འགན་བླངས་པའི་ཐོག་ལས་འགུལ་གང་མང་ནང་དུ་མཉམ་ཞུགས་བྱེད་ཐུབ་ཀྱི་ཡོད་པ་དེར་ཧ་ལས་པའི་དགའ་དགོས་པ་ཞིག་རེད།  དེ་ནི་མི་ཐོག་རྒན་པའི་ཐུགས་འཁུར་འོག་བྱུང་བ་ཤ་སྟག་རེད། རིག་གཞུང་སྲུང་སྐྱོབ་སོགས་ཕྱོགས་གང་ཐད་ནས་སུད་སི་ནི་ཕྱི་རྒྱལ་དུ་ཡོད་པའི་བོད་མི་ཚོས་དཔེ་བལྟ་ས་ཆགས་བསྡད་ཡོད་པ་རེད།”ཅེས་མུ་མཐུད་བོད་དོན་ཆེད་ཚང་མས་འགན་ཁུར་དགོས་སྐོར་གསུངས་སོང་།

ཁོང་གིས་མུ་མཐུད་དུ་གསུངས་དོན། “སུད་སི་ནི་བོད་མི་སྐྱབས་བཅོལ་དུ་འབྱོར་ནས་ཕྱི་རྒྱལ་དུ་གཞིས་ཆགས་ཐོག་མའི་གྲས་ཡིན་ལ། ད་ལྟའི་བར་དུ་བོད་མིའི་སྒྲིགས་འཛུགས་འདིར་དཔལ་འབྱོར་གཙོས་ཕྱོགས་གང་ཐད་ནས་རྒྱབ་སྐྱོར་གནང་ཡོད་པ་གཙོ་གྲས་ཀྱང་རེད། ང་རང་གི་ངོས་ནས་ཁྱོད་རང་ཚོས་མུ་མཐུད་ནས་གནང་བའི་རེ་བ་ཡང་ཡང་ཞུ་ཡི་ཡོད་”ཅེས་གསུངས་སོང་།

rigon2013_2_23

བགྲོ་གླེང་གསུང་བཤད་གྲུབ་རྗེས་བོད་ཀྱི་སྲོལ་རྒྱུན་དང་ཆབ་སྲིད་ལ་འབྲེལ་བ་ཡོད་པའི་གཞས་སྣ་འཁྲབ་སྟོན་བྱས་པ་དང་། ལས་འགུལ་དེའི་ངོ་བོ་གཙོ་བོ་ནི་བོད་ནང་གི་བོད་མིའི་རང་སྲེག་ལས་འགུལ་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ངོ་བོ་མཚོན་ཆེད་དང་། སུད་སིར་གནས་སྡོད་བོད་མིའི་མཐུན་ལམ་ཡར་རྒྱས། བོད་མིའི་མ་འོངས་པའི་ལས་འགུལ་གྱི་ངོ་བོ་ཡར་རྒྱས་དང་ནུས་ཤུགས་འདོན་ཐབས་སོགས་ཀྱི་ཆེད་དུ་ཡིན་འདུག །