ཆོས་ཀྱི་སྙིང་པོ་དེ་ཡ་རབས་དང་བཟང་སྤྱོད་ཆགས་ཡོད།

2013_2_25_1

ཆོས་བྱེད་ཟེར་བ་དེ་སེམས་པ་མི་སྐྱིད་པ་བཟོ་མཁན་གྱི་བསམ་བློ་དེ་མེད་པ་བཟོས་ནས། སེམས་པ་སྐྱིད་པོ་བཟོ་མཁན་གྱི་བསམ་བློ་དེ་ཤུགས་ཆེ་རུ་གཏོང་བ་དེ་ལ་གོ་དགོས་ཀྱི་ཡོད་རེད་ཅེས་༧གོང་ས་མཆོག་གིས་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚོགས་ཐོག་ཏུ་གསུངས་སོང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་༢༥ ཉིན་བོད་ཀྱི་ལོ་གསར་པའི་ཚེས་༡༥ ཁེལ་ཡོད་པར་བརྟེན། ཉིན་དེར་དྷ་ས་ཁུལ་གྱི་ས་གནས་མང་ཚོགས་ཧ་ཅང་མང་པོ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འདུ་འཛོམས་ཀྱིས་བོད་མིའི་སྲོལ་རྒྱུན་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་བྱས་ཡོད་པ་དང་། དེ་བཞིན་ཉིན་དེའི་ཞོགས་པར་ གཙུག་ལག་ཁང་དུ་༧གོང་ས་མཆོག་གིས་དགེ་འདུན་པ་ཚོར་ཐེག་ཆེན་གསོ་སྦྱོང་གྲུབ་མཚམས། ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་ཏེ། མང་ཚོགས་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐྱེས་རབས་བཀའ་ཁྲིད་ཀྱི་སྔོན་འགྲོའི་གསུང་བཤད་སྐབས། ༧གོང་ས་མཆོག་གིས་བོད་མི་རིགས་ཀྱི་བླ་སྲོག་ལྟ་བུ་དེ་སངས་རྒྱས་ཀྱི་ཆོས་དང་འབྲེལ་བའི་ལྟ་གྲུབ་ཁག་ཆགས་ཡོད་པ་རེད། ལོ་རྒྱུས་ཀྱི་སྟེང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དང་མངའ་བདག་ཁྲི་རལ་པ་ཅན་བཅས་ཀྱི་སྐབས་སུ། བོད་དེ་ཆོས་སྲིད་གང་ཅིའི་ཐད་ནས་ཧ་ཅང་གིས་དར་རྒྱས་ཆེན་པོ་དང་ཆིག་སྒྲིལ་གྱི་སྟོབས་ཤུགས་ཡག་པོ་བྱུང་ནའང་། རྗེས་སུ་བོད་སིལ་བུར་ཐོར་བ་སོགས་ཆབ་སྲིད་ལ་འཕོ་འགྱུར་མང་པོ་བྱུང་མིན་ལ་མ་ལྟོས་པར། ད་ལྟའི་བར་བོད་ཆོལ་གསུམ་གཅིག་གྱུར་གྱི་ཐོག་ནས་མི་རིགས་ཀྱི་བླ་སྲོག་མི་ཉམས་པར་འགྲོ་བ་དེ། ཆབ་སྲིད་ཀྱི་སྐད་ཆ་མིན་པར་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་བཅས་ཀྱི་ཐོག་ནས་བྱུང་བ་རེད། དེང་སང་ཕྱི་རྒྱལ་གྱི་མི་རིགས་གཞན་མང་པོས་བོད་ཀྱི་ཆོས་དང་རིག་གཞུང་ལ་དོ་སྣང་གསར་པ་ཞིག་བྱེད་བཞིན་པའི་སྐབས། བོད་མི་ཚོའི་ངོས་ནས་དོ་སྣང་ཆུང་དུ་སོང་བ་ཡིན་ན་འགྲིག་གི་ཡོད་མ་རེད་ཅེས་དང་།  

2013_2_25_2ཡང་ཁོང་གིས་ཆོས་བྱེད་ཟེར་བ་དེ་སེམས་པ་མི་སྐྱིད་པ་བཟོ་མཁན་གྱི་བསམ་བློ་དེ་མེད་པ་བཟོས་ནས། སེམས་པ་སྐྱིད་པོ་བཟོ་མཁན་གྱི་བསམ་བློ་དེ་ཤུགས་ཆེ་རུ་གཏོང་བ་དེ་ལ་གོ་དགོས་ཀྱི་ཡོད་སྐོར་དང་། དེ་བཞིན་སངས་རྒྱས་ཀྱི་བཀའ་བསྟན་འགྱུར་པོད་ཏི་སུམ་བརྒྱ་ལྷག་ཡོད་པ་དེ་དག མཆོད་བཤམ་གྱི་གྲལ་དུ་བཞག་ནས་ཕྱག་མཆོད་པ་བྱས་པ་ལྟ་བུ་མ་ཡིན་པར་སྐྱ་སེར་ཕོ་མོ་ཚང་མས། སློབ་དེབ་ཀྱི་འདུ་ཤེས་བཟུང་ནས་སློབ་སྦྱོང་བྱེད་དགོས་པ་གལ་ཆེན་པོ་ཡིན་སྐོར། བོད་ཡིག་ནང་ཚན་རིག་གཙོས་དེང་དུས་ཀྱི་ཤེས་ཡོན་སྐོར་གྱི་ཐ་སྙད་མང་པོ་ཞིག་ཡར་རྒྱས་འགྲོ་རྒྱུར་ལྷག་ཡོད་རུང་། འཛམ་གླིང་ཐོག་ནང་པའི་གཞུང་འགྲེལ་བཤད་ཆ་ཚང་རྒྱག་རྒྱུར་བོད་ཡིག་ལས་ལྷག་པའི་སྐད་ཡིག་གཞན་པ་མེད་སྟབས། བོད་མི་ཚོས་སོ་སོའི་ཕ་སྐད་ཀྱི་རིན་ཐང་ངོ་འཕྲོད་པའི་ཐོག་ནས་བདག་པོ་རྒྱག་རྒྱུ་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་སོང་།

མཐར་ཁོང་གིས་ཆོས་ཀྱི་སྙིང་པོ་དེ་ཡ་རབས་དང་འབྲེལ་བའི་བཟང་སྤྱོད་ཆགས་ཡོད་པ་དང་། འཛམ་གླིང་འདིའི་ནང་མི་གྲངས་ཐེར་འབུམ་༧ ཡོད་པ་ཚང་མ་རྙོག་གྲ་མི་འདོད་མཁན་ཤ་སྟག་ཡིན་ན་ཡང་། རྙོག་གྲ་མང་ཆེ་བ་མ་ཤེས་པའི་དབང་གིས་ཡོང་གི་ཡོད་པས། ཚང་མས་སོ་སོའི་ཉིན་རེའི་འཚོ་བའི་ནང་གི་སྡུག་བསྔལ་སེལ་ཐབས་ཀྱིས་མི་བཟང་པོ་ཞིག་བྱེད་དགོས་སྐོར་སོགས་གསུངས་སོང་།

ནམ་རྒྱུན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་གྲུབ་མཚམས་༧གོང་ས་མཆོག་གིས་མང་ཚོགས་ལ་དཔྱིད་ཆོས་ཀྱི་ཆོས་འབྲེལ་གནང་གི་ཡོད་ན་ཡང་། ལོ་ཁ་ཤས་ཀྱི་སྔོན་ནས་ཆོས་འབྲེལ་དེ་གནང་མེད་པ་ལྟར་ད་ལོར་ཡང་དཔྱིད་ཆོས་མེད་པ་རེད།