སུད་སི་རུ་ཀིརྟི་རིན་པོ་ཆེས་མི་མང་ལ་གསུང་བཤད།

rinbochie_2013_3_4ཟླ་འདིའི་ཚེས་༤ སུད་སིའི་ས་གནས་ར་བྷ་སུ་བེར་རུ་མི་མང་ཚོགས་པའི་གོ་སྒྲིག་འོག མི་མང་༣༠༠ ལྷག་འདུ་འཛོམས་ཐོག བཀའ་ཟུར་རྐིརྟི་རིན་པོ་ཆེས་བོད་དོན་ལས་འགུལ་དང་འབྲེལ་བའི་སྐོར་ལ་གསུང་བཤད་གནང་ཡོད་པ་རེད།

ས་གནས་ནས་གླུ་རྒྱལ་དོན་གྲུབ་ཀྱིས་གནས་ཚུལ་མཁོ་གཏོང་བ་ལྟར་ན། ཚོགས་ཐོག་ཏུ་སུད་སིའི་བོད་རིགས་མི་མང་གི་ཚོགས་གཙོ་གངས་གཞོན་ཚང་བློ་བཟང་གིས་སུད་སའི་ས་གནས་བོད་མིའི་སྤྱི་ཚོགས་ངོ་སྤྲོད་སྐབས། སུད་སིའི་བོད་མིའི་སྤྱི་ཚོགས་སུ་མི་གྲངས་ཚོད་རྩིས་༥༠༠༠ ལྷག་ཡོད་ལ། བོད་རིགས་སྤྱི་ཚོགས་ཀྱི་ས་གནས་སུ་ཐོ་འགོད་བྱས་ཟིན་པའི་མི་གྲངས་༤༠༠༠ ལྷག་ཡོད། སུད་སིའི་བོད་ཀྱི་སྤྱི་ཚོགས་སུ་ཚོགས་ཆུང་༢༣ ཡོད་པའི་སྐོར་དང་། གཞན་ད་དུང་སུད་སིའི་བོད་ཀྱི་སྤྱི་ཚོགས་ཀྱི་ད་ལྟའི་བར་དུ་ལས་དོན་གང་ཞིག་བསྒྲུབས་ཡོད་པ་སོགས་ངོ་སྤྲོད་གནང་སོང་། མཐར་ཁོང་གིས་གསུངས་དོན་“ས་གནས་མཐུས་ཚོགས་འོས་འདེམས་བྱུང་ནས་ལོ་འཁོར་གཅིག་འཁོར་བའི་དུས་ཚོད་འདིར་རྐིརྟི་རིན་པོ་ཆེ་ཆེད་ཕེབས་གནང་བར་ང་ཚོ་ངོས་ནས་སྐལ་བ་བཟང་པོ་ཞིག་ཏུ་བརྩི་ཡི་ཡོད་པ་རེད་”ཅེས་བརྗོད་སོང་།

དེ་རྗེས་སུད་སིའི་བོད་ཀྱི་དོན་གཅོད་ཐུབ་བསྟན་བསམ་འགྲུབ་ཀྱིས་རྐིརྟི་རིན་པོ་ཆེའི་ད་རེས་ཕྱོགས་བསྐྱོད་ཀྱི་ལོ་རྒྱུས་རྒྱབ་ལྗོངས་དང་། མཛད་རིམ། དགོས་མཁོ་སོགས་ངོ་སྤྲོད་གནང་བ་དང་། དེ་དང་འབྲེལ་བའི་བོད་ཀྱི་མེར་སྲེག་ལས་འགུལ་གྱི་ཁྲོད་དུ་བརྒྱ་ཆ་ལྔ་བཅུ་རྐིརྟི་ཕྱོགས་གཏོགས་སུ་བྱུང་ཡོད་པ་སོགས་ངོ་སྤྲོད་བྱས་ཡོད་པ་རེད།

rinbochie1_2013_3_4བཀའ་ཟུར་རྐིརྟི་རིན་པོ་ཆེས་མི་མང་ལ་གསུང་བཤད་གནང་སྐབས། ཁོང་གིས་“སུད་སི་ནི་བོད་མི་སྐྱབས་བཅོལ་དུ་ཕེབས་ནས་ཕྱིའི་རྒྱལ་ཁབ་ཏུ་སླེབས་པའི་གཞི་ཆགས་ཐོག་མ་དེ་ཆགས་ཡོད་པ་དང་། ད་ལྟའི་འཆར་བོད་ནས་འབྱོར་བའི་མི་རབས་གཉིས་པ་ཡང་གང་འཚམས་ཤིག་སླེབས་ཡོད་པ་རེད། ཁྱེད་རང་ཚོས་ངོས་ནས་༧གོང་ས་མཆོག་གིས་བཀའ་སློབ་གང་གནང་བ་དེར་བསམ་བློ་ཡག་པོ་ཞིག་བཏང་ནས་རང་ཉིད་ཀྱིས་ཅི་ཞིག་ལག་ལེན་ཏུ་བསྟར་ཐུབ་མིན་བསམ་བློ་གཏོང་དགོས་པའི་དུས་ལ་སླེབས་ཡོད་པ་རེད་”ཅེས་གསུངས་པ་དང་། ཁོང་གིས་རང་ལུས་མེར་སྲེག་གི་ངོ་རྒོལ་ལས་འགུལ་ཁག་བོད་ནང་དུ་རྒྱ་གཞུང་གིས་དྲག་གནོན་གྱི་སྲིད་ཇུས་བཟུང་བ་ལ་བརྟེན་ནས་བྱུང་ཡོད་སྐོར་ངོ་སྤྲོད་གནང་སོང་།

ཡང་ཁོང་གིས་རང་ལུས་མེར་སྲེག་གི་ལས་འགུལ་འདི་ཆོས་ཕྱོགས་ནས་འཚེ་མེད་ཞི་བའི་ལས་འགུལ་ཞིག་ཡིན་པར་ངོས་འཛིན་གནང་གི་ཡོད་སྐོར་གསུངས་དོན།༼ དེ་ནི་གཙོ་བོ་སེམས་ཀྱི་ཀུན་སློང་ལ་རག་ལས་ཡོད་པ་རེད། སྟག་མོ་ལུས་སྦྱིན་གྱི་སྐབས་སུ་ཡང་སྟག་མོ་མ་བུ་ལྔའི་ཆེད་དུ་སངས་རྒྱས་ཀྱི་རང་ལུས་སྦྱིན་པར་གཞིིར་བཞག་ན་བོད་མི་ས་ཡ་དྲུག་གི་ཆེད་དུ་རང་ལུས་མེར་སྲེག་བཏང་བ་དེར་ལས་འགུལ་རྩུབ་པོ་ཞིག་རེད་མ་གཏོགས་འཚེ་བའི་ལས་ཀ་མ་རེད་ལ། ནང་པ་སངས་རྒྱས་པའི་དགོངས་པ་དང་འགལ་ཡོད་པ་རེད་བསམ་གྱི་མེད་༽ཅེས་གསུངས་སོང་།

མཐའ་མར་ཁོང་གིས་བོད་མིའི་མེར་སྲེག་གི་ལས་འགུལ་འདིའི་ནུས་པའི་སྐོར་ལ་གསུངས་དོན། ༼ད་ལྟའི་དུས་སུ་བོད་མི་མང་པོ་ཞིག་གིས་བོད་མིའི་མེར་སྲེག་གི་ལས་འགུལ་འདིར་ནུས་པ་མི་འདུག་ཟེར་ནས་བཤད་མཁན་ཡོང་གི་ཡོད་དུས། གནས་སྟངས་ལ་གཞིགས་རྒྱུ་གལ་ཆེན་རེད། ལས་འགུལ་གྱི་ནུས་པ་ཟེར་དུས་ བློ་གཟི་བོར་གནས་ནས་དབྱེ་བ་འབྱེད་དགོས་པ་རེད། རྒྱ་ནག་ད་ལྟའི་ཆར་འཛམ་གླིང་གི་སྟེང་སྟོབས་ཤུགས་ཆེན་པོ་ཆགས་སྡད་ཡོད་པས། དེར་ནུས་པ་ཤུགས་ཆེན་པོ་ལམ་སེང་ཐོན་པར་དཀའ་ལས་ཡོད་རུང་། བོད་ནང་ཁུལ་གྱི་མཐུན་སྒྲིལ་ལ་བསམ་བློ་བཏང་བ་ཡིན་ན་ཧ་ལས་པའི་ནུས་པ་ཆེན་པོ་རེད་བསམ་གྱི་ཡོད། བོད་ཀྱི་ལོ་རྒྱུས་ཀྱི་ཁྲོད་དུ་བོད་མིའི་རྡོག་རྩ་གཅིག་སྒྲིལ་གྱི་ནུས་པ་མེར་སྲེག་གི་ལས་འགུལ་འདི་བརྒྱུད་ནས་བྱུང་ཡོད་པ་ལྟ་བུ་ཞིག་ང་ཚོའི་ལོ་རྒྱུས་སུ་མཐོང་རྒྱུ་མེད་པ་གསལ་བོ་རེད། དེ་ལས་འགུལ་འདི་ནུས་པ་རེད་བསམ་གྱི་ཡོད་༽ཅེས་གསུངས་སོང་།

ཡང་ཁོང་གིས་རྒྱལ་བ་རིན་པོ་ཆེ་བཀའ་དྲིན་རྗེས་དྲན་བྱེད་རྒྱུའི་ཐད་ལ་གསུངས་དོན། “༧རྒྱལ་བ་རིན་པོ་ཆེ་མཆོག་གིས་དགུང་ལོ་བཅུ་དྲུག་ནས་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་མེ་ཚེ་ཧྲིལ་བོར་བཏང་ཡོད་པ་དེར་བཀའ་དྲིན་རྗེས་དྲན་བྱེད་པར་རིན་པོ་ཆེས་ཅི་གསུངས་པ་དེ་ལག་ལེན་ཏུ་སྟར་དགོས་རྒྱུ་དེ་རེད་”ཅེས་གསུངས་སོང་།

ད་རེས་རྐིརྟི་རིན་པོ་ཆེའི་ཕྱོགས་སྐྱོད་འདི་ནི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གོ་སྒྲིག་བྱས་པ་ཞིག་ཡིན་འདུག་ལ། ཚེས་བཅུ་བདུན་ཉིན་སུད་སིའི་རྒྱལ་ས་བྷན་ནས་གྲོས་ཚོགས་ཀྱི་ཚོགས་མིར་བོད་ཀྱི་ཛ་དྲག་གི་གནས་སྟངས་སྙན་ཞུ་དང་། ཚེས་ལྔ་ཉིན་འཇི་ཎིའི་ལྦའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་མདུན་ནས་༼བོད་དང་བོད་མིའི་སྡུག་བསྔལ་ཞུ་གཏུག་དང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་སྨོན་ལམ་འདུ་འཛོམས་༽ཞེས་པའི་གོམ་བགྲོད་འདུ་འཛོམས་ཤིག་འཚོགས་རྗེས། སྦེལ་རྗམ་དང་། དེ་བཞིན་ཧྥ་རིན་སི་དང་འཇར་མན། དབྱིན་ཇི་སོགས་སུ་བོད་དོན་འགྲེལ་བརྗོད་དང་ཞུ་གཏུག་བྱེད་པར་བསྐྱོད་འཆར་ཡོད་འདུག །