གཞུང་གི་སྲིད་ཇུས་ཐོག་ནས་ལས་འགུལ་སྤེལ་དགོས།
ཕྱི་ལོ་༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་རྒྱ་དམར་གྱིས་བོད་ལ་བཙན་འཛུལ་བྱས་པར། བཟོད་བསྒོམ་བྱེད་ཐབས་བྲལ་བའི་གནས་སྟངས་འོག་བོད་མིས་རང་དབང་སྒེར་ལངས་བྱས་ནས་ལོ་ངོ་༥༤ འཁོར་བའི་དུས་དྲན་དེ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་རུ་སྲུང་བརྩི་བྱས་ཡོད་པ་རེད།
དེ་ཡང་ཟླ་འདིའི་ཚེས་༡༠ ཉིན་གྱི་ཞོགས་པའི་ཆུ་ཚོད་༧་༣༠་ཕྱེད་ཐོག་གདན་ས་ཆོས་སྒར་ཁག་དང་གཞིས་གྲོང་ཁག་ཁོངས་སོ་སོ་ནང་ནས་རུ་བསྒྲིགས་ཏེ། བྱང་ཆུབ་སེམས་མཆོག་མ་གྱེར་འདོན་བྱེད་བཞིན་གཞིས་སྤྱིའི་ནོར་བུ་རི་རྩེར་ཕེབས་འཛོམས་ཐོག དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་གཞི་བདག་རྣམས་ལ་བསངས་གསོལ་དང་རླུང་རྟ་བསྒྲེངས་འཛུགས་བྱས་ཡོད་པ་རེད།
ཆུ་ཚོད་༩ པའི་ཐོག་མོན་གྷོ་གཞིས་སྤྱིའི་ཚོགས་ཁང་ཆེན་མོའི་ནང་དུ་སུམ་བཅུའི་དུས་དྲན་སྲུང་རྩིའི་མཛད་སྒོ་དངོས་སུ་དབུ་འཛུགས་གནང་བ་དང་། ས་གནས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་མཛད་གཙོ་རྣམ་པ་དང་། སེར་སྐྱ་མི་མང་མཉམ་འདུ་འཛོམས་བྱུང་ཡོད་པ་རེད།
དེ་ཡང་ཐོག་མར་དཔལ་དུས་ཀྱི་འཁོར་ལོའི་ཕོ་བྲང་ནས་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོའི་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་སྤྱན་རྒྱ་སྤོས་སྣེས་གདན་ཞུ་དང་འབྲེལ་རྟེན་གསུམ་མཇལ་དར་འདེགས་འབུལ་དང་། དེ་ནས་གཏན་ཉིན་སློབ་གྲྭའི་སློབ་ཕྲུག་རྣམས་ནས་རོལ་དབྱངས་དང་སྦྲགས་གསུམ་དུས་དྲན་གླུ་དང་འཕགས་བོད་རྒྱལ་གླུ་བླངས་གྲུབ་རྗེས། བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རྩ་ཆེའི་ཚེ་སྲོག་བློས་བཏང་གནང་བའི་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་གུས་འདུད་རྗེས་དྲན་ཆེད་སྐར་མ་༡་རིང་མྱ་ངན་ངག་བཅད་གནང་ཡོད་པ་རེད།
དེ་ནས་ས་གནས་འགོ་འཛིན་ཕུན་ཚོགས་ཚེ་རིང་གིས་བཀའ་ཤག་གི་གསུང་འཕྲིན་སྒྲོགས་སྦྱངས་དང་འབྲེལ་མི་མང་ལ་ལམ་སྟོན་གཏམ་བཤད་གནང་དོན། ༡༩༥༩ ནས་བོད་ས་ཡོངས་རྒྱ་ནག་གིས་བཙན་བཟུང་ནས་ད་ལྟའི་བར་དུ་གང་འདྲ་དཀའ་སྡུག་མྱངས་དང་མྱོང་བཞིན་ཡོད་མེད་ངས་བཤད་དགོས་པ་མ་རེད་ཚང་མའི་མཁྱེན་གསལ་རེད། བོད་ཀྱི་ཆོས་དང་རིག་གཞུང་གི་བསྟི་གནས་རྩ་ཆེའི་དགོན་པ་སྟོང་ཁྲག་མང་པོ་གཏོར་བཤིག་དང་སྣོད་བཅུད་ཁོར་ཡུག་དང་བཅས་པ་རྩ་མེད་དུ་བཟོས་ཡོད་པ་ཙམ་དུ་མ་ཟད། མཐའ་སྡོམས་བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་རྒྱུའི་གཡོ་ཇུས་འོག་དཔལ་འབྱོར་གྱི་ངན་བསྐུལ་བྱེད་བཞིན་ཡོད་པ་རེད། དོན་དམ་པའི་བོད་མི་ཚོ་མ་མཚོན་ན་དཔལ་འབྱོར་གྱི་ཐོག་ཐང་དང་སྤྱི་ཚོགས་ཀྱི་ཐོབ་ཐང་། ཆབ་སྲིད་སོགས་གང་ཅིའི་ཐོག་ཐོབ་ཐང་དང་རང་དབང་སྤུ་རྩེ་ཙམ་མེད་པ་གསལ་པོ་རེད། དེ་ལྟ་བུའི་དཀའ་སྡུག་མྱང་དང་མྱོང་བཞིན་པའི་སྐབས་འདིར་བོད་མི་རྒྱལ་གཅེས་དཔའ་བོ་ཕོ་མོ་རྣམས་ཀྱིས་མུ་མཐུད་ནས་རྒྱ་ནག་གི་གཡོ་ཧམ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་བྱས་པའི་ཉིན་མོ་དེ་སྲུང་བརྩི་བྱེད་ཀྱི་ཡོད་རེད། དེར་བརྟེན། ང་རང་ཚོ་བཙན་བྱོལ་བོད་མི་ཡོངས་ཀྱི་དཔལ་ལྡན་སྲིད་སྐྱོང་ཆེན་མོའི་དབུས་རང་གཞུང་བཀའ་ཤག་གི་ལམ་སྟོན་ནམ་ལྟ་གྲུབ་གསུམ་གྱི་ཐོག་ལ་ཤུགས་རྒྱབ་དགོས་པ་དེ་གལ་ཆེན་ཞེ་དྲགས་རེད། ལྷག་པར་དུ་ད་ལྟའི་སྐབས་འདིར་ཆིག་སྒྲིལ་དེ་མེད་དུ་མི་རུང་ཞིག་ཡིན་པ་ངོ་ཤེས་དགོས་པ་དང་། བོད་ཀྱི་རྩ་དོན་ཐོག་དམིགས་བསལ་ཀྱི་ལས་འགུལ་ཚོགས་པ་དང་སྒྲིག་འཛུགས་དེ་བཞིན་སྐྱེ་བོ་སུ་དང་སུའི་སྤེལ་བ་ཡིན་ན་རང་གཞུང་གི་སྲིད་བྱུས་ཐོག་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་སྤེལ་དགོས་པ་གལ་ཆེན་པོ་རེད་ཅེས་སོགས་གསུངས་སོང་།
དེ་ནས་ས་འཐུས་ཚོགས་གཙོ་གུ་རུ་རྒྱལ་མཚན་གྱིས་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་གསུང་འཕྲིན་སྒྲོགས་སྦྱང་གནང་རྗེས་མི་མང་ལ་གཏམ་བཤད་གནང་དོན། བོད་ནང་གི་བོད་མི་ཚོའི་སེམས་ཤུགས་དང་མི་རིགས་ཀྱི་ལ་རྒྱ་དེ་ཚོ་ག་ཚོད་མཐོན་པོ་ཡོད་པ་དེ་ང་ཚོའི་བཤད་མི་དགོས་པ་ཞིག་རེད། ང་རང་ཚོ་རང་དབང་ལུང་པའི་ནང་བཙན་བྱོལ་ལ་ཡོད་མཁན་ཚོའི་ག་རེ་གནང་གི་ཡོད་མེད་ཐོག་ཏན་ཏན་དགོངས་པ་བཞེས་དགོས་པ་ཞིག་མིན་འགྲོ་དྲན་གྱི་འདུག ཉེ་བའི་ཆར་རང་གཞུང་བཀའ་སྤྱི་གཉིས་ཀྱིས་ཀྱི་སྣེ་ཁྲིད་འོག་རྒྱ་གར་རྒྱལ་ས་ལྡི་ལིར་གཞིས་རྒྱ་ཆེ་བའི་ལས་འགུལ་ཆེན་པོ་ཞིག་སྤེལ་ཡོད་པ་རེད། སྐབས་དེར་བཀའ་སྤྱི་གཉིས་ངོས་ནས་བོད་མི་རྣམས་ཀྱི་རྒྱ་རང་ཁུར་བྱས་ནས་ལས་འགུལ་ནང་མཉམ་ཞུགས་བྱེད་དགོས་པ་རེད་ཅེས་ལམ་སྟོན་གནང་ཡོད་པ་ཙམ་དུ་མ་ཟད་ལྡི་ལིར་ལས་འགུལ་སྤེལ་སྐབས་བཀའ་སྤྱི་གཉིས་ངོས་ནས་མི་མང་ཚང་མ་རྒྱ་རང་ཁུར་བྱས་ནས་ཕེབས་ཡོད་པ་རེད་ཅེས་གསུང་གི་འདུག
ཡིན་ན་ཡང་ངོ་ཚོའི་ངོས་ནས་དེ་འདྲ་ཡིན་མིན་དགོངས་པ་བཞེས་དགོས་པ་རེད། སྤྱིར་བཏང་སྐབས་དེར་ཕེབས་མཁན་མི་མང་ཤོས་དང་རྡོག་འགྲིགས་པོ་བྱུང་སོང་བསྔགས་བརྗོད་ཡོད། ཡིན་ན་ཡང་སྤྱི་ཡོངས་ཀྱི་ཆ་ནས་ང་ཚོའི་རྒྱ་རང་ཁུར་བྱས་ནས་བཀའ་སྤྱི་གཉིས་ཀྱི་དགོངས་པ་ནང་བཞིན་བྱུང་ཡོད་པ་མ་རེད། བོད་ནང་ལོགས་སུ་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་སོ་སོའི་ཚེ་སྲོག་བློས་གཏོང་བཞིན་ཡོད་པ་རེད། ང་ཚོ་བཙན་བྱོལ་ནང་སྐྱིད་ཉལ་བྱས་ནས་སྡོད་མཁན་ཚོའི་བོད་ནང་གདུང་སེམས་མཉམས་བསྐྱེད་ཀྱི་ལས་འགུལ་ལོ་རྒྱུས་ཁྲོད་བྱུང་མ་མྱོང་བ་དེ་འདྲའི་རླབས་ཆེན་ཀྱི་ལས་འགུལ་ནང་རྒྱ་རང་ཁུར་གྱི་མཉམ་ཞུགས་བྱེད་ཐུབ་ཀྱི་ཡོད་པ་མ་རེད་པས། རེད་བོད་ནང་གི་རྩོམ་པ་པོ་དང་གཞས་པ་གཞས་མ་ཚོའི་མཚོན་པའི་བོད་མི་ཡོངས་ཀྱིས་ལུས་སྲོག་ལོངས་སྤྱོད་བཅས་པ་བློས་བཏང་གནང་ནས་བོད་མིའི་བདེན་དོན་འཐབ་རྩོད་བྱེད་བཞིན་ཡོད་པ་རེད། དེ་འདྲ་སོང་ཙང་། འབྱུར་འགྱུར་ཡང་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཡོང་ཀྱིས་ལས་འགུལ་འདྲ་མིན་སྤེལ་ངེས་རེད་དེ་ཚོའི་ནང་མི་མང་གང་མང་མཉམ་ཞུགས་བྱེད་དགོས་པ་དང་། དེ་བཞིན་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྒྲིག་འཛུགས་དེ་ཚོའི་ཡིན་ན་ཡང་ཅིག་ཡོང་རྒྱུ་སྒུག་མི་སྡོད་པར་མུ་མཐུད་ནས་ལས་འགུལ་གང་མང་སྤེལ་གནང་ཡོང་པའི་རེ་བ་དང་འབོད་སྐུལ་ཞུ་བཞིན་ཡོད་ཅེས་སོགས་གསུངས་སོང་།
དེ་རྗེས་བོད་བསྟན་སྲིད་མི་རིགས་རིག་གཞུང་བཅས་ཀྱི་ཆེད་དུ་སྔ་རྗེས་རང་སྲོག་བློས་བཏང་དང་སྐུ་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་དཔའ་བོ་ཕོ་མོ་འདས་གསོན་ཡོངས་ཀྱི་རླབས་ཆེན་གྱི་མཛད་རྗེས་ལ་དྲན་གསོ་དང་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དུ་སེར་སྐྱ་མང་ཚོགས་ནས་ས་ཚུ་ཚོད་༡ ༣༠་ཕྱེད་རིང་སྨོན་ལམ་དང་། རྒྱལ་བའི་ཞབས་བརྟན། རྟ་མགྲིན་གཟུང་སྔགས། བདེན་གསོལ་སྨོན་ལམ། མཆོག་གསུམ་ཐུགས་རྗེ་བསྐུལ་བའི་བདེན་གསོལ་སྨོན་ལམ། མཎི། བྱང་ཆུབ་སེམས་མཆོག་བཅས་གསོགས་སྒྲུབས་གནང་བ་བཅས་ཉིན་འདིའི་དུས་དྲན་སྲུང་བརྩིའི་མཛད་རིམ་ཡོངས་སུ་གྲོལ་ཡོད་པ་རེད
མོན་གྷོ་གསར་འགོད་པས།