སུད་སིའི་མངའ་སྡེ་ཁག་གི་ནང་བོད་ཀྱི་སྐད་ཡིག་འཛིན་གྲྭ་གསར་འཛུགས།

tibetan_class_7ད་ལྟའི་ཆར་སུད་སིར་གནས་སྡོད་བོད་མིའི་སྤྱི་ཚོགས་སུ་གཞོན་སྐྱེས་མང་པོར་བོད་ཀྱི་སྐད་ཡིག་ལ་དོ་སྣང་གསར་པ་ཞིག་ཡོང་བཞིན་པ་དང་བསྟུན། ཡོ་རོབ་བོད་ཀྱི་གཞོན་ནུས་གོ་སྒྲིག་འོག བོད་ཡིག་འཛིན་གྲྭ་སུད་སི་རྒྱལ་ཁབ་ཀྱི་མངའ་སྡེ་གསུམ་གྱི་ནང་དུ་འགོ་བཙུགས་ཡོད་པ་རེད།

ཟླ་སྔོན་མའི་ནང་འཛིན་གྲྭ་དེར་གོ་སྒྲིག་བྱ་རྒྱུའི་བརྡ་སྦྱོར་བཀྲམ་པ་དང་སུད་སིར་གནས་སྡོད་བོད་ཀྱི་གཞོན་སྐྱེས་མང་པོས་བོད་ཡིག་ལ་དོ་སྣང་སྔར་ལས་བྱེད་བཞིན་ཡོད་པ་དང་། ཐོ་འགོད་བྱས་ནས་འཛིན་གྲྭར་ཞུགས་བཞིན་པའི་སློབ་མ་༥༠ ལྷག་ཅིག་ཡོད་པ་དང་། ཐོ་འགོད་རྗེས་ལུས་ཐེབས་པ་དང་ས་གནས་ཁ་ཤས་སུ་གནས་སྐབས་ཀྱི་རིང་སློབ་མའི་གྲངས་མ་ལོངས་པ། དགེ་རྒན་མེད་པའི་དཀའ་ངལ་སོགས་ཀྱི་འཛིན་གྲྭ་འཚོགས་ཐུབ་ཀྱི་མེད་པས། གཞོན་སྐྱེས་མང་པོས་འཛིན་གྲྭ་རྗེས་མར་ཐོ་འགོད་བྱེད་རྒྱུ་བསྒུག་ཡོད་པ་རེད།

གོང་གི་འཛིན་གྲྭ་དེ་དག་འཛུགས་སའི་ས་ཁུལ་ནི་གྲོང་ཁྱེར་འཛུ་རིག་དང་ཡོ་ན། དེ་བཞིན་བེལ་སོགས་ཡིན་འདུག  ད་ལྟ་དངོས་སུ་བོད་ཡིག་སློབ་ཁྲིད་འགོ་བཙུགས་འདུག་ལ། སློབ་མ་ཚོས་ཀྱས་རང་ངོས་ནས་ཐབས་ཤེས་གང་ཡོད་ཀྱིས་རང་མི་རིགས་ཀྱི་སྐད་ཡིག་འདི་སློབ་སྦྱོང་བྱེད་པར་ནུས་ཤུགས་གང་ཡོད་འདོན་བཞིན་འདུག

tibetan_class_5བོད་ཡིག་འཛིན་གྲྭར་ཡོང་བའི་བུ་མོ་བསྟན་སྒྲོལ་མས་སྐད་ཆ་དྲིས་པར། ཁོང་གིས་“ཆུང་དུས་བོད་ཡིག་སྦྱངས་མྱོང་ཡོད་མོད། ཁོར་ཡུག་གི་དབང་གིས་བེད་སྤྱོད་གཏོང་ས་མེད་པས་དྲན་པ་བརྗེད་འདུག  བོད་ཀྱི་རིག་གཞུང་དང་སྐད་ཡིག་སོགས་ལ་དོ་སྣང་བྱེད་དགོས་རྒྱུ་ནི་ང་ཚོ་བོད་མི་རྣམས་ཀྱི་འགན་ཞིག་ཏུ་མཐོང་གི་ཡོད་༽ཅེས་འགྲེལ་བརྗོད་གནང་སོང་།

འཛིན་གྲྭའི་དུས་ཡུན་ལོ་གཅིག་གི་རིང་ལ་ཁྱེད་རང་གིས་རེ་བ་ཇི་འདྲ་ཞིག་བཅངས་ཀྱི་ཡོད་པའི་སྐོར་ལ་སྐད་ཆ་དྲིས་པར་ཁོང་གིས། “ང་རང་ལ་མཚོན་ན་བོད་ཡིག་ཡར་རྒྱས་སུ་གཏོང་འདོད་ཡོད་མོད། རང་ཁྱིམ་དུ་ཨ་མས་བོད་ཡིག་མི་ཤེས་སྟབས་བོད་ཡིག་ཡར་རྒྱས་སུ་གཏོང་བར་དཀའ་ངལ་ཧ་ཅང་ཆེན་པོ་འདུག གོ་སྐབས་འདི་བརྒྱུད་ནས་ངས་ཧུར་བརྩོན་གྱིས་ལོ་གཅིག་གི་ནང་དུ་འབྲི་ཀློག་ཡག་པོ་ཞིག་ཡོང་ཐུབ་པར་ཡིད་ཆེས་བྱེད་ཀྱི་ཡོད་”ཅེས་འགྲེལ་བརྗོད་གནང་སོང་།

ད་ལྟའི་འཛིན་གྲྭ་འདི་ནི་སུད་སིར་གསར་ཏུ་འབྱོར་བའི་གཞོན་སྐྱེས་དྲུག་གིས་དགེ་རྒན་དང་བླངས་དང་། ཡོ་རོབ་གཞོན་ནུས་འཛིན་སྐྱོང་གོ་སྒྲིག་སོགས་ཀྱི་མཐུན་རྐྱེན་འོག བདུན་ཕྲག་གཅིག་གི་ནང་ཐེངས་གཅིག་འཚོག་བཞིན་པ་ཞིག་རེད་ལ། འཛིན་གྲྭར་ཞུགས་མཁན་གྱི་སློབ་མ་རྣམས་ནི་ལོ་བཅུ་དྲུག་ནས་སུམ་བཅུ་བར་གྱི་གཞོན་སྐྱེས་ཤ་སྟག་རེད་འདུག །

ཀླུ་རྒྱལ་དོན་འགྲུབ་ཀྱིས་ས་གནས་ནས་གནས་ཚུལ་མཁོ་གཏོང་བྱས།