༧གོང་ས་མཆོག་གི་ཞབས་བརྟན་རྡོ་བསྐོས་བསུབ་བཅུག་འདུག

ཟླ་འདིའི་ཚེས་༡༨ ཉིན་འབྲེལ་ཡོད་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཁམས་ཡུལ་ཤུལ་ཁྲི་འདུ་རྫོང་རྫ་སྟོད་ཤང་ཉ་མཚོ་ཡུལ་ཚོ་ཁང་དམར་སྡེ་བའི་ནང་འདི་ལོ་བོད་མིའི་རང་དབང་གྱེན་ལངས་སུམ་བཅུའི་དུས་དྲན་ཐེངས་༥༤ ཉིན་མོ་དང་བསྟུན་བྲག་སྡེབས་སུ་ ༸ གོང་ས་རྒྱལ་བ་རིན་པོ་ཆེའི་ཞབས་བརྟན་རྡོ་རྐོས་བྱས་འདུག

གནས་ཚུལ་དེ་རྒྱ་གཞུང་གིས་ཤེས་རྟོགས་བྱུང་བ་དང་འབྲེལ་ཆབ་སྲིད་ཀྱི་གནད་དོན་ལ་བརྩིས་ཏེ་དམག་མི་བཏང་ནས་བཙན་དབང་གིས་མ་ཎི་རྡོ་བརྐོས་ཐོག་གི་ཞབས་བརྟན་མི་མང་ལ་བསུབ་བཅུག་ཡོད་པ་རེད། ཞབས་བརྟན་ནི་གངས་རི་རྭ་བས་བསྐོར་བའི་ཞིང་ཁམས་སུ།།་ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས།།སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱལ་མཚོ་ཡིས།།ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག་ཅེས་པ་འདི་བརྐོས་ཡོད་པ་རེད། ཡིན་ན་ཡང་དེའི་སྐབས་མི་མང་འཇུ་བཟུང་བྱས་ཡོད་མེད་དང་རྡོ་བསྐོས་བསུབ་བཅུག་པའི་དུས་ཚོད་ད་ལྟ་གསལ་པོ་ཤེས་རྟོགས་ཐུབ་མེད་པ་རེད།

ལྷག་པར་དུ་འདི་ལོ་གསུམ་བཅུའི་དུས་དྲན་གོང་དུ་རྒྱ་གཞུང་གིས་ས་གནས་མི་མང་རྣམས་ཚོགས་འདུ་བསྡུ་བསྐོང་བྱས་ཏེ། ཁ་པར་ནང་ཕྱི་ཕྱོགས་ལ་འབྲེལ་བ་བྱེད་མི་ཆོག་པ་དང་གལ་སྲིད་སྐད་ཆ་བཤད་ན་གནས་ཚུལ་ཚང་མ་རྒྱ་གཞུང་གིས་སྒྲ་འཇུག་བྱེད་ཀྱི་ཡོད་ཅེས་མི་མང་ལ་འཇིགས་སྐུལ་བྱས་ཡོད་འདུག དེར་བརྟེན་དེང་སྐབས་ས་གནས་ཡུལ་མི་རྣམས་རྒྱ་གཞུང་གི་འཇིགས་སྣང་འོག་སྐད་ཆ་བཤད་རྒྱུར་འཛེམས་ཟོན་ཆེན་པོ་བྱས་ཏེ་ས་གནས་ཀྱི་ཞིབ་ཕྲའི་གནས་ཚུལ་ཆ་ཚང་ཤེས་རྟོགས་ཡོང་རྒྱུར་དཀའ་ངལ་འདུག་ཅེས་འབྲེལ་ཡོད་ཀྱིས་འགྲེལ་བརྗོད་གནང་སོང་།།