སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པ།
སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པ་དེ་ཟླ་འདིའི་ཚེས་༡༨ ནས་ཚེས་༢༨ བར་འཚོག་གི་ཡོད་པ་དང་། ཐེངས་འདིའི་ཚོགས་དུས་གཙོ་བོ་བཙན་བྱོལ་གཞུང་གི་འདི་ལོའི་སྔོན་རྩིས་གཏན་འབེབས་ཀྱི་གྲོས་ཚོགས་དེ་ཡིན་པ་རེད།
ཐེངས་འདིའི་གྲོས་ཚོགས་དྷ་ས་གངས་སྐྱིད་བཀའ་ཤག་ཚོགས་ཁང་དུ་འཚོགས་ཡོད་པ་དང་། ཉིན་དང་པོའི་ཚོགས་འདུ་དབུ་འཛུགས་སྐབས་ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་བ་དང་། དེ་རྗེས་ཚོགས་གཙོས་ཚོགས་འདུ་དབུ་འཛུགས་གསུང་བཤད་སྐབས། ཁོང་གིས་བོད་ནང་གི་ཛ་དྲག་གནས་བབས་སྐོར་ངོ་སྤྲོད་སྐབས། “བོད་མི་ཚོས་རང་ལུས་མེར་སྲེག་གི་ངོ་རྒོལ་དགོས་དོན་དེ་རྒྱ་ནག་གི་ནོར་འཁྲུལ་ཅན་གྱི་སྲིད་ཇུས་ལ་ཐུག་ཡོད་པ་ང་ཚོས་རྒྱལ་སྤྱིའི་ཐོག་ངོ་སྤྲོད་གང་ཐུབ་བྱེད་ཀྱི་ཡོད་པ་རེད།”རྒྱ་ནག་གཞུང་གིས་རང་ལུས་མེར་སྲེག་གཏོང་མཁན་ཚོའི་ངོ་ཤེས་པ་དང་། ཉེ་འབྲེལ། མཆོད་འབུལ་བྱེད་མཁན་སོགས་ལ་ནག་ཉེས་བཙུགས་སྟེ། བཙོན་འཇུག་ཁྲིམས་ཐག་གཅོད་ཀྱི་ཡོད་སྐོར་དང་། མི་མང་པོ་གར་སོང་ཆ་མེད་དུ་གྱུར་མཁན་སོགས་ཡོད་སྐོར་ངོ་སྤྲོད་གནང་སོང་།
ཁོང་གིས་བཀའ་སྤྱི་གཉིས་ཀྱི་ལས་འགུལ་སྐོར་གསུངས་དོན། བཀའ་སྤྱི་གཉིས་ཀྱི་ལས་འགུལ་སྤེལ་སྐབས་མིང་མང་མཉམ་ཞུགས་ཡག་པོ་གནང་སོང་ལ། བཀའ་ཤག་གི་ལམ་སྟོན་ལྟར་ཞི་བ་དང་འཚེ་བ་མེད་པ་དང་། ཡུལ་ཁྲིམས་དང་མཐུན་པ། ཆེ་མཐོང་ལྡན་པའི་ཐོག་ནས་ཡག་པོ་བྱུང་ཡོད་པ་རེད་ལ། ཕྱི་ལོག་ནས་ལྟ་མཁན་ཚོས་ཀྱང་ལས་རིམ་དེར་གུས་བརྩི་གནང་འདུག་”ཅེས་དང་། “ང་ཚོས་ལས་འགུལ་ག་རེ་སྤེལ་ཡང་མིའི་ནུས་པ་དང་། དཔལ་འབྱོར་གྱི་ནུས་པ་ང་ཚོར་ཞན་པོ་རེད་མོད། ཆིག་སྒྲིལ་ནུས་པ་བཏོན་ཡོང་སྐབས། དེའི་ཤུགས་རྐྱེན་འཛམ་གླིང་སྤྱི་ལ་ཐེབས་ཀྱི་ཡོད་པར་ང་ཚོས་ངོས་འཛིན་ཞུ་ཐུབ་ཀྱི་རེད། རྒྱ་ནག་གིས་ཡ་ལན་ཚད་ལྡན་མ་བྱས་པའི་གནས་སྟངས་དེར་ང་ཚོས་བློ་ཕམ་དགོས་པ་རེད། ལས་འགུལ་ནང་མི་མང་མཉམ་ཞུགས་བྱེད་སྟངས་བལྟས་ན་བཀའ་སྤྱི་གཉིས་ལ་སྣེ་ཁྲིད་རྒྱུར་སྤོབས་པ་གསར་པ་ཞིག་སྐྱེས་ཡོང་གི་འདུག རྒྱ་ནག་གིས་བོད་ནང་དམ་དྲག་ཆེ་ཡང་རང་ལུས་མེར་སྲེག་གི་ངོ་རྒོལ་མུ་མཐུད་འགྲོ་བསྡད་ཡོད་པས། རྒྱ་ནག་གིས་བཟང་ཕྱོགས་ཀྱི་ཡ་ལན་ཚུལ་མཐུན་ཞིག་མ་བྱས་པར་རང་ལུས་མེར་སྲེག་གི་གནས་སྟངས་དེ་མཚམས་ཆད་ས་རེད་དྲན་གྱི་མི་འདུག དེར་བརྟེན་བོད་ནང་ཛ་དྲག་གི་གནས་སྟངས་མུ་མཐུད་ཡོད་པ་རེད་”ཅེས་བོད་ཀྱི་བདེན་མཐའ་མ་གསལ་བར་མུ་མཐུད་ལས་འགུལ་སྤེལ་ཏེ་བོད་དོན་ཁྱབ་བསྒྲགས་དང་བོད་དོན་རྒྱབ་སྐྱོར་བ་འཚོལ་དགོས་སྐོར་གསུངས་སོང་།
ཁོང་གིས་མུ་མཐུད་སྤྱི་འཐུས་ཚོས་མི་མང་གིས་སྐུ་ཚབ་མཚོན་ཐུབ་པའི་ཐོག་ནས་ལས་འགུལ་ལ་འགན་བཞེས་ཡོད་སྐོར་དང་། རྒྱ་ནག་གི་འགོ་ཁྲིད་གསར་པ་ཚོ་སླེབས་པ་དང་ཚོགས་འདུ་ཚོགས་སྟངས་སྐོར་ལ་འགྱུར་བ་ཅུང་སོང་ཡོད་པ་དང་། སྐད་ཆ་བཤད་སྟངས་ལ་བལྟས་ན་ཡང་ཅུང་གུ་ཡངས་པོ་ཡོད་པ་དང་། རྒྱ་ནག་ལ་ཕྱི་ལོག་ན་གནོན་ཤུགས་དང་། ནང་གི་གནས་སྟངས་ཀྱང་འགྱུར་བ་མ་སོང་ཐབས་མེད་ཆེད་ཆགས་ཡོད་པས། རྒྱ་ནག་གི་འགྱུར་བ་དེ་ཟང་ཟིང་ནང་འགྱུར་བ་གཏོང་དང་། ཞི་བའི་ཐོག་འགྱུར་བ་གཏོང་རྒྱ་ནག་གི་འགོ་ཁྲིད་ཚོའི་ལག་ཏུ་ཡོད་སྐོར་དང་། རྒྱ་ནག་རིམ་པས་མང་གཙོ་རུ་འགྱུར་རྒྱུ་ཡིན་སྐོར་གསུངས་སོང་།
ཚོགས་གཙོས་མུ་མཐུད་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱ་ནག་གིས་འབྲེལ་མོལ་ག་དུས་གནང་ཡང་གྲ་སྒྲིག་ཡོད་སྐོར་གསུངས་ཟིན་པས། རྒྱ་ནག་གི་འགོ་ཁྲིད་ཚོས་དེ་ལ་ཚད་དང་ལྡན་པའི་ཡ་ལེན་བྱེད་ཐུབ་ན། བསྒྲུབ་མ་ཐུབ་པ་མེད་སྐོར་དང། མཉམ་འབྲེལ་རྒྱལ་ཚོགས་ནང་རྒྱལ་ཁབ་དྲུག་གིས་བོད་དོན་གླེང་ཡོད་སྐོར་ངོ་སྤྲོད་གནང་སོང་།
གྲོས་ཚོགས་ན་ད་ཐེངས་གཙོ་བོ་སྔོན་རྩིས་ཀྱི་སྐོར་ཡིན་པས། ཚང་མས་དེའི་ཐོག་འགན་ཆ་ཚང་ལེན་སྐོར་དང་། ཁྲིམས་འཆར་གྱི་ལས་དོན་མང་པོ་མེད་སྐོར་གསུངས་སོང་།
བོད་ནང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་ཆེད་རང་ལུས་མེར་སྲེག་གཏོང་མཁན་༢༠༠༩ ལོ་ནས་ད་ལྟའི་བར་བོད་མི་༡༠༩ བྱུང་བ་དང་། དེའི་ནང་༩༡ འདས་གྲོངས་སོང་བ། དེ་བཞིན་༡༩༩༨ ལོ་ནས་ད་ལྟ་བར་རྒྱ་གར་དང་བལ་ཡུལ་དུ་རྒྱ་གཞུང་ལ་ངོ་རྒོལ་ཆེད་རང་ལུས་མེར་སྲེག་གཏོང་མཁན་དྲུག་བྱུང་བའི་ནང་གསུམ་འདས་གྲོངས་སུ་སོང་བ་བཅས་ལ་གྲོས་ཚོགས་ནང་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་འཇོག་དགོས་པའི་གཞུང་འབྲེལ་གྲོས་འཆར་བཏོན་ནས། མྱ་ངན་གུས་འདུད་ཞུས་ཡོད་པ་རེད། དེ་བཞིན་བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་ལགས་༢༠༡༢ ལོའི་ཟླ་༡༢ ཚེས་༣༠ སྐུ་གྲོངས་པར་མྱ་ངན་གུས་འདུད་ཞུ་དགོས་པའི་གཞུང་འབྲེལ་གྲོས་འཆར་བཏོན་ཏེ། མྱ་ངན་གུས་འདུད་ཞུས་ཡོད་པ་རེད།
དེ་བཞིན་གྲོས་ཚོགས་ཀྱི་ཉིན་དང་པོར་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ལ་གྲོས་ཚོགས་ནང་བགྲོ་གླེང་དགོས་པའི་གཞུང་འབྲེལ་གྲོས་འཆར་བཏོན་ཏེ། བོད་ནང་རྒྱ་གཞུང་ལ་ངོ་རྒོལ་གྱི་འབྱུང་རྐྱེན་དང་། བོད་ནང་གི་ཛ་དྲག་གནས་བབས། རྒྱ་གཞུང་གིས་བོད་མིར་དྲག་གནོན་འགོག་ཐབས་སོགས་ཀྱི་སྐོར་ལ་བགྲོ་གླེང་གནང་གི་ཡོད་པ་རེད།
གྲོས་ཚོགས་ཀྱི་ལས་རིམ་རྣམས་ཕྱི་དྲིལ་སྒྲ་བརྙན་ཚན་པའི་དྲ་རྒྱ་www.tibetonline.tv དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲ་རྒྱ་ www.Chithu.org ཐོག་ཐད་ཀར་གཟིགས་རྒྱུ་ཡོད་པ་རེད།།