བསམ་བློ་བརྗེ་རེས་དང་སྤོབས་པ་མཉམ་བསྐྱེད་ཀྱི་བགྲོ་གླེང་།
ཟླ་འདིའི་ཚེས་༢༤ ཉིན་སུད་སིའི་གྲོང་ཁྱེར་འཛུ་རིག་ཏུ་“བསམ་བློ་བརྗེ་རེས་དང་སྤོབས་པ་མཉམ་བསྐྱེད་”ཅེས་པའི་བགྲོ་གླེང་ཚོགས་འདུ་ཐེངས་བཅུ་གཅིག་པ་དེ། “བོད་ནང་གི་རང་ལུས་མེར་སྲེག་གི་ལས་འགུལ་དང་བྱེས་པའི་ལས་འགན་”ཟེར་པའི་བརྗོད་གཞིའི་ཐོག་འཚོགས་ཡོད་པ་རེད།
དེ་ཡང་སུད་སིེར་གནས་སྡོད་གླུ་རྒྱལ་དོན་གྲུབ་ཀྱིས་གནས་ཚུལ་མཁོ་གཏོང་གནང་བ་ལྟར་ན། ཉིན་དེའི་ཕྱི་དྲོ་ཆུ་ཚོད་༢ ནས་བགྲོ་གླེང་འགོ་བཙུགས་པ་དང་། དེར་སུད་སི་རུ་གནས་སྡོད་བོད་མི་བོད་མི་༤༨ ཙམ་མཉམ་ཞུགས་ཀྱིས་སྐྱབས་བཅོལ་བོད་མིའི་ཅི་ཞིག་བྱེད་དགོས་མིན་ཐད་ལ་རང་ཉིད་ཀྱི་བསམ་ཚུལ་དང་། ཚོགས་པ་གང་ཡིན་དབྱེ་བ་མེད་པར་ལས་འགུལ་སྤེལ་བཞིན་པ་དེ་དག་ལ་མི་མང་གི་ངོས་ནས་དོ་སྣང་དང་། ལས་འགུལ་ནང་མཉམ་ཞུགས་དགོས་སྐོར་གསུངས་ཡོད་པ་རེད།
ཚོགས་ཞུགས་པ་ཡོངས་ཀྱིས་ཐུན་མོང་གི་སྐད་ཆ་གཅིག་ནི་མཐུན་ལམ་ཡར་རྒྱས་དང་མ་འོངས་པར་ལས་འགུལ་གྱི་ནུས་ཤུགས་གོང་མཐོར་གཏོང་དགོས་རྒྱུ་གལ་ཆེན་ཡིན་པའི་སྐོར་རེད་ལ། དེ་དང་མཉམ་དུ་བོད་སྤྱི་ཚོགས་ནང་ཁུལ་དུ་ལྟ་བའི་ལང་ཕྱོགས་བར་གྱི་རྩོད་རྙོག་གཙོ་བོར་མི་འཛིན་པར་ང་ཚོའི་འཐབ་རྩོད་བྱེད་ཡུལ་དེ་རྒྱ་ནག་ཡིན་པ་ངོས་ཟིན་པར་བྱེད་དགོས་པ་སོགས་ཀྱི་ཐོག་བསམ་ཚུལ་བཤད་ཡོད་པ་རེད།
དེ་དང་འབྲེལ་མ་འོངས་པར་སུད་སིའི་གནས་སྡོད་བོད་མིའི་རྣམས་ནས་སྔོན་ལྟར་ལས་འགུལ་གང་སྤེལ་བ་དེར་མཉམ་ཞུགས་བྱེད་ཐུབ་ཀྱི་མེད་པ་དེའི་རྒྱུ་མཚན་གཙོ་བོ་གང་ལ་ཐུག་ཡོད་མེད་ཀྱི་སྐོར་ཞིབ་འཇུག་བྱེད་རྒྱུ་གལ་ཆེན་ཡིན་པའི་སྐོར་གྱི་བསམ་ཚུལ་ཡང་བྱུང་ཡོད་པ་རེད།
བསམ་བློ་བརྗེ་རེས་དང་སྤོབས་པ་མཉམ་བསྐྱེད་ཀྱི་བགྲོ་གླེང་འདི་སུད་སི་གཅིིག་པུ་མ་ཡིན་པར་ཐེངས་བཅུ་པ་དེ་བཞིན་རྡ་རམ་ས་ལའི་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་ཟླ་སྔོན་མར་འཚོགས་ཡོད་པ་དང་། དེ་བཞིན་མ་འོངས་པར་ཡང་ཡོ་རོབ་ཀྱི་རྒྱལ་ཁབ་ཧྥ་རན་སི་དང་བྷལ་རྗེམ་སོགས་སུ་འཚོག་འཆར་ཡོད་པ་རེད།།