སྦེལ་ཀོབ་སྨན་རྩིས་ཁང་དུ་ཉིན་རེར་ནད་པ་༨༠ ལྷག་ཡོང་གི་འདུག

pasang_dhundup_bylakuppeཟླ་འདིའི་ཚེས་ ༢༣ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་གཞུང་ཡན་ལག་སྨན་རྩིས་ཁང་གིས་དབུས་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་༥༢ འཁོར་བའི་དུས་དྲན་མཛད་སྒོ་ཞིག་འཚོགས་པ་དང་། སྦེལ་ཀོབ་ས་གནས་སྨན་རྩིས་ཁང་གི་འགན་འཛིན་དང་སྨན་པ་གཅིག་ལྕོགས་པ་སངས་དོན་འགྲུབ་ལ་བཅར་འདྲི་བྱས་པ་ཡིན།

གསར་འགོད་པས་སྦེལ་ཀོབ་སྨན་རྩིས་ཁང་གིས་འདས་པའི་ལོ་གཅིག་གི་ནང་གྲུབ་འབྲས་ཆེ་ཤོས་དེ་ག་རེ་བྱུང་ཡོད་མེད་སྐོར་དྲིས་པར། སྨན་པ་པ་སངས་དོན་འགྲུབ་གྲུབ་ཀྱིས་གསུངས་དོན། “གཙོ་བོ་ང་ཚོ་སྦེལ་ཀོབ་སྨན་རྩིས་ཁང་འདི་སྦེལ་ཀོབ་ས་གནས་གཞིས་ཆགས་མི་མང་གི་ཆེད་དུ་བཙུགས་བཞག་པ་ཞིག་རེད། དེ་ཡང་ནད་པ་རྣམས་ཀྱིས་གཙོས་པའི་མི་མང་ལ་སྨན་གྱི་ཐོག་ནས་ཞབས་འདེགས་ཞུ་རྒྱུའི་ཆེད་དུ་རེད། སྦེལ་ཀོབ་བོད་མིའི་གཞིས་ཆགས་དེ་གཞིས་ཆགས་ཆེ་ཤོས་ཡིན་པས། མི་མང་ནང་ནད་པ་ཡང་མང་པོ་ཡོང་གི་ཡོད་རེད། ཉིན་རེ་ལ་ནད་པ་ཕར་ཆེར་ ༨༠ ལྷག་ལ་སྨན་བཅོས་བྱས་དང་བྱེད་བཞིན་པ་རེད། སྔོན་མ་ཡིན་ན་ལོ་ ༧༠ ཡན་གྱི་རྒན་རབས་པ་དག་ལ་སྨན་རིན་མེད་རེད་ལ། ད་ལྟ་གསར་དུ་ལོ་ ༦༥ ཡན་ལ་སྨན་རིན་མེད་སྤྲོད་ཀྱི་ཡོད་པ་རེད། དེ་ཡང་ས་གནས་འགོ་འཛིན་རྣམ་པ་བརྒྱུད་གསལ་བསྒྲགས་ཤིག་སྤེལ་ནས་ནད་པའི་དཔྱ་ཁྲལ་ལག་དེབ་ཀྱི་ལོ་ཚད་ལ་ཚད་འཛིན་གྱིས་སྨན་སྦྱིན་ཐོབ་རིགས་ལ་སྨན་སྦྱིན་ཕུལ་བཞིན་པ་ཡིན། དེ་མ་ཡིན་པའི་ང་ཚོས་རྒྱ་གར་ཡུལ་མི་མང་པོ་ཞིག་ལ་ཡང་སྨན་བཅོས་བྱེད་ཀྱི་ཡོད་རེད། ད་ལྟ་རྒྱ་གར་མང་དུ་འགྲོ་གི་ཡོད་རེད་”ཅེས་གསུངས་སོང་།

pasang_dhundup_bylakuppe1ད་ལྟ་བར་དུ་ནད་པ་མང་ཆེ་བའི་ནད་རིགས་ཤུགས་ཆེ་ཤོས་དེ་ག་རེ་རེད་འདུ་ཅེས་དྲིས་པར། ཁོང་གིས། “ང་ཚོ་སྦེལ་ཀོབ་ལ་ཆ་བཞག་ན། ན་ཚ་གཙོ་ཆེ་ཤོས་དེ་གྲུམ་བུ་རེད་འདུག གྲུམ་བུ་ལ་སྣ་ཁ་མང་པོ་ཡོད་རེད། རྩ་ཏྲེམ། ཆུ་ཏྲེམ། ཏྲེམ་དཀར། ཏྲེམ་ནག་ཟེར་ནས་རིགས་མང་པོ་ཡོད་རེད། ན་ཚ་དེ་ཙོ་བོ་རྒན་གོག་མང་པོ་ལ་ཡོད་རེད། གཉིས་པ་དེ་ཕོ་བ་རེད། ཕོ་བ་ན་དགོས་པའི་རྒྱུ་མཚན་དེ་གཅིག་ནས་བཞེས་ལག་མཆོད་སྟངས་ཀྱི་ཐོག་ནས་རེད། བཞེས་ལག་རྙིང་པ་དང་རྫས་སྦྱོར་ཡག་པོ་འཇུ་མ་ཐུབ་པ་བྱས་ནས་ཡོང་གི་འདུག གསུམ་པ་དེ་རྩ་དཀར་ཀྱི་ནད་མང་པོ་འདུག བཞི་པ་དེ་ཁྲག་ཤེད་དང་ཅེ་ནེའི་ན་ཚ་རེད་འདུག  ལྔ་པ་དེ་ཧེ་པེ་ཊི་ཌི་རེད། དེ་ཚོ་གཙོ་བོ་རེད་འདུག་”ཅེས་གསུངས་སོང་།

ནད་པ་དེ་ཚོ་མང་ཆེ་བ་ལོ་ཚོད་ཀྱི་དབང་དུ་བྱས་ན་རྒན་གཞོན་སུ་མང་གི་རེད་དམ་ཞེས་དྲིས་པར། ཁོང་གིས། “ང་ཚོའི་ནད་པ་མང་ཆེ་བ་རྒན་པ་ཚོ་རེད། ལོ་ཚད་ཀྱི་དབང་དུ་བྱས་ན་ལོ་ ༥༠ ཡན་ལ་སླེབས་མཁན་རེད། དེ་ནས་གྲྭ་བཙུན་རྣམས་པ་ཡོང་གི་འདུག གཞན་པ་སློབ་ཕྲུག་དང་ལོ་ཆུང་ཆུང་ཚོ་དེ་འདྲ་མང་པོ་ཡོད་པ་མ་རེད། དེ་ནས་རྒྱ་གར་ཡང་སྔོན་ནས་ཁ་ཤས་ཡོང་གི་ཡོད་རེད། ཕྱིས་སུ་ཁོང་ཚོར་སྨན་གྱིས་ཕན་སོང་བ་ཡིན་ན། ཁོ་རང་ཚོས་ཕན་ཚུན་ལབ་ནས། དགའ་པོ་ཉེ་པོ་དང་། སྤུན་ཟླ། ནང་མི་ཚོ་ཁྲིད་ནས་ཡོང་གི་འདུག་”ཅེས་གསུངས་སོང་།

རྒྱ་གར་གྱི་ནད་པ་དང་བོད་པའི་ནད་པ་ཚོའི་ནད་རིགས་གཅིག་པ་རེད་དམ་ཡང་ན་ཁྱད་པར་ཡོང་གི་འདུག་ཅེས་དྲིས་པར། ཁོང་གིས་“རྒྱ་གར་དང་ང་ཚོ་བོད་པའི་བར་ན་ཚ་ལ་ཁྱད་པར་འགྲོ་གི་འདུག རྒྱ་གར་མང་ཆེ་བ་ལ་དབུགས་གསག་ན་ཚ་འདུག དེ་ནས་གཟུགས་པོ་ལ་ལྤགས་ནད་རིགས་མང་པོ་ཡོང་གི་འདུག དེ་མ་ཡིན་པའི་རྒྱ་གར་བ་ཀན་སེལ་ནད་པ་དེ་འདྲ་རེ་གཉིས་ཡོང་གི་འདུག མིད་པ་ཀན་སེལ་དང་མཆིན་པ་ཀན་སེལ་རིགས་ཡོང་གི་འདུག་”ཅེས་གསུངས་སོང་།

བོད་གཞུང་སྨན་རྩིས་ཁང་གི་སྦེལ་ཀོབ་ཡན་ལག་སྨན་རྩིས་ཁང་ནི་ཕྱི་ལོ་ ༡༩༧༧ ལོ་དབུ་བརྙེས་པ་དང་། ད་ལྟ་སྨན་ཁང་དེར་སྨན་པ་གསུམ་དང་། དེ་མིན་སྨན་སྤྲོད་མཁན་གཉིས་དང་། དཀར་རྩིས་པ་གཅིག གཞན་ལས་བྱེད་ ༥ བཅས་ཁྱོན་མི་ ༡༡ ཡོད་པ་རེད་འདུག །

མེ་སོར་གསར་འགོད་པས།