དྷ་སའི་ཐང་ཁྲོམ་སྟོན་མཁན་ཚོའི་ཆེད་དུ་ལས་འཆར་ཡོད་འདུག
དྷ་ས་མེག་ལོར་དང་གཙུག་ལག་ཁང་གི་ལམ་འགྲམ་དུ་ཡོད་པའི་བོད་མི་ཐང་ཁྲོམ་སྟོན་མཁན་ཚོར་རྒྱ་གར་ས་གནས་གཞུང་གིས་ལམ་འགྲམ་ནས་ཐང་ཁྲོམ་སྟོན་མ་བཅུག་པའི་དཀའ་ངལ་ལོ་མང་སྔོན་ནས་ཡོད་པ་ལྟར། ད་ལྟ་ནང་སྲིད་ལས་ཁུངས་ནས་ཐང་ཁྲོམ་སྟོན་མཁན་ཚོའི་ཆེད་དུ་ཁྲོམ་ས་ཉོ་རྒྱུའི་འཆར་གཞི་གསར་པ་ཡོད་སྐོར་བཀའ་བློན་རྒྱ་རི་སྒྲོལ་མས་གྲོས་ཚོགས་སུ་གསུངས་ཡོད་པ་རེད།
དེ་ཡང་ཟླ་འདིའི་ཚེས་༢༦ ཉིན་གྱི་གྲོས་ཚོགས་ནང་། ཐང་ཁྲོམ་སྟོན་མཁན་གྱི་དཀའ་ངལ་དང་འབྲེལ་བའི་སྐར་རྟགས་ཅན་གྱི་དྲི་བ་ཞིག་སྤྱི་འཐུས་རྨོག་རུ་བསྟན་པས་བཏང་བའི་ནང་འཁོད་དོན། “དྷ་ས་མེག་ལོར་དང་གཙུག་ལག་ཁང་ལམ་འགྲམ་དུ་ཡོད་པའི་བོད་མི་ཐང་ཚོང་བ་(ཁྲོམ་སྟོན་མཁན་)ཚོའི་ཚོང་ས་གཏན་འཁེལ་མེད་པའི་རྐྱེན་གྱིས། སྐབས་རེར་ཉེན་རྟོག་པས་ཚོང་གུར་ཕྱིར་བསྡུ་དང་འཕྲོག་པ་ལ་སོགས་པའི་དཀའ་ངལ་དང་སེམས་འཚབ་ཅིག་གི་འོག་འཚོ་གནས་རོལ་བཞིན་པ་མཁྱེན་གསལ་ཡིན། དབུས་ནང་སྲིད་ལས་ཁུངས་ནས་དེ་སྔོན་བོད་མི་ཐང་འཚོང་བའི་ཁྲོམ་སའི་དཀའ་ངལ་ཆེད་དོན་དངོས་ལ་སྨིན་པའི་ཕྱག་ལས་གང་འདྲ་གནང་ཡོད་དམ། མ་འོངས་པར་ག་འདྲ་གནང་འཆར་ཡོད་”ཅེས་འཁོད་ཡོད་པ་རེད།
ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མས་ལན་འདེབས་གནང་དོན། “དབུས་ནང་སྲིད་ལས་ཁུངས་ནས་དྷ་ས་མེག་ལོར་དང་གཙུག་ལག་ཁང་གི་ལམ་གཞུང་དུ་ཡོད་པའི་བོད་མི་ལམ་ཁྲོམ་སྟོན་མཁན་རྣམས་ལ་ཚོང་སྟོན་མི་ཐུབ་པའི་དཀའ་ངལ་ནམ་འཕྲད་སྐབས་དོ་བདག་ཚོང་པ་དང་། ས་གནས་འགོ་འཛིན་བཅས་མཉམ་རུབ་ཀྱིས་རྒྱ་གར་མངའ་སྡེ་གཞུང་དང་ཀང་ར་རྫོང་གི་འབྲེལ་ཡོད་ལས་ཁུངས་ཁག་སོགས་ལ་ཆེད་བཅར་གྱིས་སྐབས་མཚམས་སོ་སོར་དཀའ་ངལ་སེལ་ཐུབ་པ་བྱུང་ཡོད། འོན་ཀྱང་ཚང་མས་འདོད་མོས་བཞིན་དཀའ་ངལ་འདི་གཏན་འཇགས་སེལ་ཐབས་ཆེད་ད་ལྟ་ལས་འཆར་འགྲོ་བཞིན་པ་ཡིན། དེའི་ཆེད་༢༠༡༣༌༌༌༌༌༌༌༢༠༡༤ ལོའི་སྔོན་རྩིས་སུ་སྤོམ་དངུལ་ཡང་འཆར་འབུལ་ཞུས་ཡོད་”ཅེས་གསུངས་ཡོད་པ་རེད།
གྲོས་ཚོགས་འཐུས་མིའི་དྲི་བར་ནང་སྲིད་བཀའ་བློན་གྱིས་ལན་འདེབས་མུ་མཐུད་གནང་དོན། “དྷ་སའི་ཐང་ཁྲོམ་སྟོན་མཁན་ཚོའི་དཀའ་ངལ་ས་གནས་ཀྱི་རྒྱ་གར་འབྲེལ་ཡོད་ལས་ཁུངས་ཁག་ལ་ཞུ་ཡི་ཡོད། འཚོ་བ་རྟེན་ས་ཚོང་དེ་ཡིན་པས། ད་ལྟ་ཡོད་པའི་ས་ཆར་གནས་མ་ཐུབ་པར་ས་གནས་སྤོ་དགོས་ན། ས་ཆ་གཞན་པར་མི་་མ་ཡོང་ན་ཉི་མ་རེ་གཉིས་ལ་ཚོང་ཡོད་མེད་ཀྱིས་དཀའ་ངལ་གྱིས་ནང་མིར་ཁྱད་པར་ཡོད་པ་དངོས་ཡོད་རེད། འོན་ཀྱང་མེག་གྷན་དུ་མི་མང་དུ་འགྲོ་ཡི་ཡོད་པ་དང་། ༧གོང་ས་མཆོག་ཆིབས་བསྒྱུར་སྐབས་ཡིན་ནའང་བདེ་འཇགས་དེ་ཚོར་བསམ་བློ་བཏང་ནས། རྒྱ་གར་ས་གནས་རྫོང་དཔོན་ལས་ཁུངས་ལ་ཐང་ཁྲོམ་སྟོན་མཁན་རྒྱ་གར་དང་བོད་པ་ཚང་མ་སྤོར་དགོས་པའི་འཆར་གཞི་ཡོད་པ་རེད་”ཅེས་གསུངས་སོང་།
དྷ་སའི་ཐང་ཁྲོམ་སྟོན་མཁན་ཚོའི་དཀའ་ངལ་བོད་མིའི་སྒྲིག་འཛུགས་དང་། རྒྱ་གར་ས་གནས་གཞུང་ལ་ལོ་མང་རིང་བདེ་སྡུག་ཐེངས་མང་ཞུས་ཀྱང་། ད་ལྟའི་ཆར་ཡང་མཚམས་རེར་ས་གནས་ཀྱི་སྐོར་སྲུང་བས་ཐང་ཁྲོམ་སྟོན་མཁན་གྱི་ཅ་ལག་ཚང་མ་བསྡུ་གསོག་བརྒྱབ་སྟེ། འགྲོ་ས་སོགས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་པ་རེད། ད་ལྟའི་ཆར་ཐང་ཁྲོམ་སྟོན་མཁན་གྱི་ཐོ་གཞུང་ནང་༡༦༠ ཙམ་ཡོད་འདུག་ལ། ནང་སྲིད་ལས་ཁུངས་ལ་ཁོང་ཚོའི་དཀའ་ངལ་སེལ་བའི་ལས་འཆར་གསར་པའི་ཆེད་ཧིན་སྒོར་འབུམ་༥༠ སྔོན་རྩིས་གཏན་འབེབས་གནང་ཡོད་འདུག །