འདི་ལོར་སྔོན་རྩིས་ཧིན་སྒོར་༡,༢༨༠,༣༢༩,༢༦༢ གཏན་འབེབས།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་ལྔ་པའི་ཐོག་བཙན་བྱོལ་བོད་གཞུང་གི་རྩིས་ལོ་༢༠༡༣༌༌༌༢༠༡༤ ལོའི་སྔོན་རྩིས་རྒྱུན་གྲོན་དང། དམིགས་བསལ། དམིགས་བཀར་བཅས་ཀྱི་འགྲོ་སོང་བསྡོམས་ཧིན་སྒོར་༡,༢༨༠,༣༢༩,༢༦༢ (ས་ཡ་ཆིག་སྟོང་ཉིས་བརྒྱ་བརྒྱད་ཅུ། སུམ་འབུམ་ཉིས་ཁྲི་དགུ་སྟོང་ཉིས་བརྒྱ། དྲུག་ཅུ་རེ་གཉིས་)བཀའ་འཁྲོལ་གཏན་འབེབས་གནང་ཡོད་པ་རེད།
དེ་ཡང་ཕྱི་ལོ་༢༠༡༣ ཟླ་༣ ཚེས་༢༨ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་ལྔ་པའི་ཐོག་ལོ་འཁོར་གཅིག་རིང་གི་སྔོན་རྩིས་དེ་སྡེ་ཚན་མི་འདྲ་བ་ ཁག་ལྔ་རུ་དབྱེ་ནས་བཀའ་འཁྲོལ་གཏན་འབེབས་གནང་ཡོད་པ་དང།
ཀ ངེས་ཅན་འགྲོ་གྲོན། སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་གཞན་གཉིས་བཅས་ཀྱི་འགྲོ་གྲོན་བསྡོམས་ ༡,༦༦༡,༠༨༣ དང།
ཁ། ཁྲིམས་བཟོ་ལྷན་ཚོགས། སྤྱི་འཐུས་ཚོགས་དྲུང་ལས་ཁུངས་དང། ཆེས་མཐོའི་ཁྲིམས་ཞིབ་ཁང་། བྱང་ཕྱོགས་བོད་མིའི་ཁྲིམས་ཞིབ་ཁང་། ལྷོ་ཕྱོགས་བོད་མིའི་ཁྲིམས་ཞིབ་ཁང་། ལ་དྭགས་བོད་མིའི་ཁྲིམས་ཞིབ་ཁང་། ཤར་ཕྱོགས་བོད་མིའི་ཁྲིམས་ཞིབ་ཁང་། ས་གནས་འཐུས་མིའི་ཚོགས་འདུ་བཅས་ཀྱི་འགྲོ་གྲོན་བསྡོམས་༤༠,༦༧༥,༣༡༣
ག ཆབ་སྲིད་དང་འབྲེལ་བའི་ལས་ཁུངས་ཁག བཀའ་དྲུང་ཡིག་ཚང་དང། བདེ་སྲུང་ལས་ཁུངས། ཕྱི་དྲིལ་ལས་ཁུངས། ལྡི་ལི་སྐུ་ཚབ་དོན་ཁང་སོགས་རྒྱ་ཁབ་ཁག་ནང་གི་དོན་གཅོད་ཁག་དང་དེའི་འབྲེལ་ཡོད་ཐེབས་རྩ་ཁག་གི་འགྲོ་གྲོན་བསྡོམས་༤༠༣,༥༨༠,༨༦༢
ང། འཛིན་སྐྱོང་དང་འབྲེལ་བའི་ལས་ཁུངས་ཁག འོས་བསྡུ་ལས་ཁང། གཞུང་ཞབས་འདེམས་བསྐོ་ལྷན་ཁང། དབུས་རྩིས་ཞིབ་ལས་ཁང། རྩིས་ཞིབ་ཡན་ལག་ལས་ཁང་ཁག་དང། དཔལ་འབྱོར་ལས་ཁུངས་དང་། དེ་འབྲེལ་གྱིས་ལས་ཁང་ཁག་བཅས་ཀྱི་འགྲོ་གྲོན་བསྡོམས་༡༥༥,༤༥༡,༢༠༥
ཅ། སྤྱི་ཚོགས་དང་འབྲེལ་བའི་ལས་ཁུངས་ཁག ཆོས་རིག་ལས་ཁུངས་དང། འཕྲོད་བསྟེན་ལས་ཁུངས། སྣེ་ལེན་འབྲེལ་མཐུད་ལས་ཁང། ཤེས་རིག་ལས་ཁུངས། སཾ་བྷོ་ཊ་བོད་སློབ་ཚོགས་པ། ནང་སྲིད་ལས་ཁུངས་བཅས་ཀྱི་འགྲོ་གྲོན་བསྡོམས་༦༠༡,༢༠༨,༩༩༩ ཡིན་པ་རེད།
ལོ་འཁོར་གཅིག་རིང་གི་སྔོན་རྩིས་རྒྱུན་གྲོན་ཧིན་སྒོར་ ༤༥༦,༦༩༤,༦༠༩ དང་། དམིགས་བསལ་ལས་དོན་ཆེད་ཧིན་སྒོར་༡༨༠,༩༥༦,༣༤༩ དམིགས་བཀར་ལས་དོན་ཆེད་༦༤༢,༦༧༨,༣༠༤ བཅས་ཡིན་པ་དང་། ཆ་ཚང་བསྡོམས་ཧིན་སྒོར་༡,༢༨༠,༣༢༩,༢༦༢ གཏན་འབེབས་གནང་ཡོད་པ་རེད།་
དེ་བཞིན་འདི་ལོའི་ལྷོ་སྤྱི་ལས་ཁུངས་དང་། ས་འཐུས་མེད་པའི་ས་གནས་ཁག་དྲུག་གི་སྔོན་རྩིས་བསྡོམས་སྒོར་༣༩,༧༧༥,༦༡༢,༠༠ འཕྲོད་བསྟེན་ཁྱབ་ཁོངས་སྨན་ཁང་གི་སྔོན་རྩིས་བསྡོམས་སྒོར་༡༢,༡༢༩,༥༣༠,༠༠ བཅས་ཡིན་པ་རེད།
༢༠༡༢༌༌༢༠༡༣ ལོའི་སྔོན་རྩིས་དང་བསྡུར་ན་ད་ཐེངས་འདི་ལོའི་སྔོན་རྩིས་མང་པ་ཆགས་འདུག་ལ། ལས་འཆར་གསར་པ་དང་། ལོ་སྔོན་མར་མ་འགྲུབ་པའི་ལས་དོན་སོགས་ཀྱི་ཆེད་དུ་སྔོན་རྩིས་ཞུས་ཡོད་འདུག གཙོ་བོ་ཤེས་རིག་ལས་ཁུངས་དང་། ནང་སྲིད་ལས་ཁུངས་སུ་ལས་འཆར་གསར་པ་མང་པོ་ཡོད་འདུག ད་ཐེངས་སྔོན་མ་ལྟར་བསྐྱར་བཅོས་སྔོན་རྩིས་མེད་པ་བཟོས་ཡོད་འདུག །