གྲོགས་པོ་ཞིག་ལ་བྲིས།།
ལྷད་མེད་སེམས་ལ་འཆར་བའི་བདེན་གཏམ་དེ།།
བློས་ཐུབ་གྲོགས་ལ་འཆད་པ་མི་དཀའ་ནའང་།།
ཡིད་ཆེས་མེད་པའི་གྲོགས་དང་འཕྲད་འགྱུར་ན།།
གཏམ་དེས་བདག་གི་སེམས་ཡང་དཀྲུགས་པར་བྱས།།
བཅོས་མའི་སེམས་ཀྱི་ཟོལ་བོའི་འཛུམ་མདངས་ཀྱིས།།
མི་སེམས་བསླུ་བ་འཇིག་རྟེན་གཤིས་སུ་གྲུབ།།
དྲང་པོའི་གཏམ་ལ་ངན་པའི་ལན་བླན་པ།།
དེ་ཡང་སྙིགས་མའི་དུས་ཀྱི་ཆོས་ཉིད་ཅིག
ལྷིང་འཇགས་མེད་པའི་སེམས་ཀྱི་ཞིང་ས་ན།།
འཕར་ལྡིང་དྲག་པའི་གདུང་བ་གྲངས་ལས་འདས།།
དེས་ན་འཇིག་རྟེན་འཁོར་བའི་མཛའ་གྲོགས་ལ།།
སྙིང་པོ་མེད་པ་བདག་གིས་གསལ་ལེར་རྟོགས།།
ཕམ་ཁ་ཕོགས་པ་ང་གཉིས་འདྲ་འདྲ་རེད།།
མདུན་ལམ་ཤོར་བ་ཁྱེད་ལས་ང་རང་དམན།།
ཡིན་ཡང་ལས་དབང་གཅིག་པའི་གྲོགས་མོ་ལ།།
ཚིག་གི་སྡིགས་མོ་མ་གཏོང་གྲོགས་པོ་ལགས།།
སྐྱིད་དུས་བློས་ཐུབ་གྲོགས་ཀྱི་དགོས་མཁོ་མེད།།
ཕམ་དུས་གྲོགས་ཀྱི་སེམས་གསོ་དེ་བས་མཁོ།།
དེས་ན་དགའ་སྡུག་དུས་ཀྱི་དཔྱད་མཚམས་ནས།།
ལེགས་ཉེས་མ་ལོག་ཤེས་བྱའི་གྲོགས་པོ་ལགས།།
༢༠༡༣ ༣ ༢༦ ཉིན་བློ་ཕམ་དང་བཅས་རང་ཤག་ཏུ་བྲིས།།