བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་མཇུག་བསྡོམས།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པ་དེ་ཟླ་ ༣ ཚེས་ ༡༨ ནས་ཉིན་བཅུ་རིང་འཚོགས་པདང་། གཙོ་བོ་ བོད་དོན་བདེན་པ་གསལ་ཐབས་དང་། བཙན་བྱོལ་སྤྱི་ཚོགས་ཡར་རྒྱས་གཏོང་ཐབས་བཅས་ལ་བགྲོ་རིམ་པ་དང་། ལོ་གཅིག་རིང་ལས་དོན་ཆེད་སྔོན་རྩིས་གཏན་འབེབས་གནང་ཡོད་པ་རེད།
ཚེས་༢༨ ཉིན་བར་འཚོགས་མཇུག་བསྡོམས་ཐོག་གནང་བ་དང་། ཚོགས་དུས་ལྔ་པའི་ཉིན་དང་པོའི་ལས་རིམ་དེ་བོད་ནང་གི་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་པའི་འོག་གནས་ཡོད་པའི་སྐོར་ལ་བགྲོ་གླེང་དང་། རྒྱ་གཞུང་ལ་ངོ་རྒོལ་ཆེད་རང་ལུས་མེར་སྲེག་གཏོང་མཁན་གྱིས་མཚོན་བོད་དོན་ཆེད་རང་སྲོག་ཤོར་མཁན་ཚོའི་ཆེད་དུ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་བཞག་པ་དང་། ཚོགས་གཙོ་སྤེན་པ་ཚེ་རིང་གིས་“བོད་ནང་གི་ཛ་དྲག་གནས་སྟངས་སེལ་རྒྱུར་དུས་ད་ལྟ་ཡིན་རུང་རྒྱ་ནག་གཞུང་ནས་བཟང་ཕྱོགས་ཀྱི་ཡ་ལན་བྱེད་ཀྱི་མེད་པའི་གནས་སྟངས་གསལ་པོ་ཆགས་ཡོད་”ཅེས་གསུངས་སོང་།
སྤྱི་འཐུས་ཚོགས་གཙོས་གསུངས་དོན། “དེ་རིང་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༢༨ ཉིན་མོ་འདི་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༢༨ ཉིན་རྒྱ་ནག་གཞུང་ནས་བོད་མི་ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱ་ལ་བཅིངས་བཀྲོལ་བཏང་བའི་ཉིན་མོ་ཡིན་ཞེས་ཕྱི་ལོ་ ༢༠༠༩ ཟླ་ ༡ ཚེས་ ༡༩ ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ནང་ལ་གཏན་འབེབས་བྱས་ཡོད། གཏན་འབེབས་བྱེད་རྒྱུ་དེ་ཡང་ང་ཚོ་བོད་མི་བཙན་བྱོལ་དུ་གྱར་ནས་ལོ་ལྔ་བཅུ་འཁོར་བའི་སྲུང་བརྩི་བྱ་རྒྱུའི་ཁ་གཏད་དུ་ལངས་པ་ལྟ༌བུ་བྱས་ཡོད། བོད་མི་ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱ་ལ་བཅིངས་བཀྲོལ་བཏང་བའི་ཉིན་མོ་ཡིན་མོ་ཡིན་ཞེས་པ་དེར་བོད་མིའི་སྒྲིག་འཛུགས་ངོས་ནས་རྩ་བ་ནས་ངོས་ལེན་མེད་པའི་གྲོས་ཆོད་ཅིག་ཕྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༢༧ ཉིན་མོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་མོས་ཐོག་ནས་བཞག་ཡོད། དེའི་ཕྱི་ཉིན་དེར་ཕྱི་དྲིལ་བཀའ་བློན་མཆོག་གིས་བཀའ་ཤག་གི་ངོས་ནས་ངོས་ལེན་མེད་པའི་གསར་འགོད་བསྒྲགས་གཏམ་སྤེལ་ཡོད། དུས་ད་ལྟ་ཡིན་རུང་བོད་ནང་ཛ་དྲག་གི་གནས་སྟངས་མུ་མཐུད་ནས་གནས་ཡོད་སྟབས། རྒྱ་ནག་གཞུང་ནས་གསལ་བསྒྲགས་དང་གཏན་འབེབས་བྱས་པའི་བོད་མི་ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱ་ལ་བཅིངས་བཀྲོལ་བཏང་བ་ཡིན་ཞེས་པ་དེར་ངོས་ལེན་རྩ་བ་ནས་ཞུ་ཐབས་མེད་”ཅེས་གྲོས་ཚོགས་མཇུག་བསྡོམས་ཐོག་གསུངས་ཡོད་པ་རེད།
ཚོགས་གཙོས་གྲོས་ཚོགས་ཀྱི་གནས་ཚད་སྐོར་གསུངས་དོན། “ང་ཚོའི་གྲོས་ཚོགས་ནང་བགྲོ་གླེང་དང་ཐག་གཅོད་བྱེད་སྟངས་ཐོག་ནས་ཚིག་དང་རྣམ་འགྱུར་བེད་སྤྱོད་གཏོང་སྟངས་ཚང་མ་འཛམ་གླིང་སྤྱི་ཡོངས་ཀྱི་མང་གཙོའི་ལམ་ལུགས་ནང་ཧ་ཅང་མང་པོ་ཡོད། དེ་ཚོ་དང་བསྡུར་ན་ང་ཚོའི་བགྲོ་གླེང་གནང་སྟངས་དང་མང་གཙོའི་ལམ་ལུགས་ཚད་དང་ལྡན་པ་ལྟར། ཕྱི་གསལ་ནང་གསལ་བྱེད་རྒྱུ་དེ་འཛམ་གླིང་གི་གྲོས་ཚོགས་གཞན་དང་བསྡུར་ན། ཞི་འཇམ་དང་བཟང་སྤྱོད་ལྡན་པ་ཞིག་ཆགས་ཡོད། ཅེས་ཞུ་འདོད་བྱུང་། སྤྱི་ཡོངས་ནས་སྤྱི་འཐུས་དང་བཀའ་བློན་རྣམ་པ། ལྷག་པར་སྤྱི་འཐུས་རྣམ་པས་ད་རེས་དངུལ་རྩིས་ལས་རིམ་དང་། གདུང་སེམས་མཉམ་སྐྱེའི་ལམ་རིམ་སྐབས། ལས་དོན་གཞན་དང་འབྲེལ་བའི་དྲི་བ་གཏོང་སྟངས་དང་བགྲོ་གླེང་གནང་སྐབས། ཚང་མས་ཡིག་ཆ་ཁག་ལ་ཐུགས་ཞིབ་ཡག་པོ་གནང་སྟེ་དྲི་བ་བཏང་བ་དང་བགྲོ་གླེང་ནང་ཆ་ཤས་བླངས་ཏེ་ཐུགས་སྣང་ཆེན་པོ་གནང་བའི་ཚོར་བ་ཚོགས་གཙོའི་ངོས་ནས་བྱུང་ཞེས་ཞུ་རྒྱུ་ཡིན། སྐབས་རེ་ཚོར་བ་རྣོན་པོའི་སྐད་ཆ་ཤོད་རེས་ཐེངས་འདིའི་གྲོས་ཚོགས་ནང་བྱུང་ཡོད། ང་ཚོ་ཚང་མ་འཇིག་རྟེན་གྱི་འཁོར་བ་འདིའི་ནང་གནས་ཡོད་སྟབས། ཉོན་མོངས་དུག་གསུམ་གྱི་དགྲ་བཅོམ་ཐུབ་མེད་པར་བརྟེན། གནས་ཚུལ་དེ་རིགས་ཡོང་ངེས་རེད། འོན་ཀྱང་ག་ཚོད་ཐུབ་ཐུབ་ཀྱིས་སྤྱི་པའི་ལས་དོན་བྱེད་སྐབས་སྒེར་གྱི་ཚོར་བ་བཞག་སྟེ་དོན་དག་དང་རྒྱུ་མཚན་ཐོག་འགྲོ་རྒྱུ་དེ་གནད་འགག་ཆེན་པོ་རེད་ཞུ་འདོད་བྱུང་”ཞེས་གསུངས་ཡོད་པ་རེད།།
