གསེར་རྟ་བ་སྒྲུབ་ཚེ་ཡི་དགོངས་རྫོགས་མཆོད་འབུལ།
རྒྱལ་གཅེས་དཔའ་བོ་སྒྲུབ་ཆེན་ཚེ་རིང་གིས་(སྒྲུབ་ཚེ་)འདི་ལོའི་ཕྱི་ཟླ་༢ ཚེས་༡༣ ཉིན་བལ་ཡུལ་གྱི་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་སྐོར་ལམ་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་སྟེ་སྐུ་གྲོངས་ཡོད་པ་དང་། ཕུང་པོ་བལ་ཡུལ་གཞུང་གིས་རྩིས་མ་སྤྲད་པར་ཉིན་ཞག་༣༥ འཁོར་བའི་རྗེས་ཞུགས་འབུལ་བྱས་ཡོད་པ་རེད།
དེ་ཡང་ཟླ་འདིའི་ཕྱི་ཚེས་༣ ཉིན་གྱི་ཞོགས་པའི་ཆུ་ཚོད་༡༠ པའི་སྟེང་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། དྷ་ས་ས་གནས་གཞོན་ནུ། ས་གནས་བུད་མེད་བཅས་ཀྱི་གོ་སྒྲིག་འོག ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འགྲམ་དུ་ཡོད་པའི་དཔའ་བོའི་རྗེས་དྲན་རྡོ་རིང་གི་མདུན་དུ། རྒྱལ་གཅེས་དཔའ་པོ་བསྒྲུབ་ཆེན་ཚེ་རིང་གིས་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་རང་ལུས་མེར་སྲེག་གིས་སྐུ་གྲོངས་ཏེ་ཞག་༤༩ འཁོར་བའི་དགོངས་རྫོགས་མཆོད་འབུལ་ཞིག་འཚོགས་སོང་།
མཆོད་འབུལ་ཐོག་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱ་གར་སྡེ་ཚན་གྱི་འགན་འཛིན་རྡོ་རྗེ་ཚེ་བརྟན་གྱིས་གཏམ་བཤད་གནང་སྐབས། ཉེ་ཆར་བལ་ཡུལ་གྱི་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་སྐོར་ལམ་དུ་རང་ལུས་མེར་སྲེག་བཏང་ནས་འདས་གྲོངས་སུ་སོང་བའི་རྒྱལ་གཅེས་བོ་སྒྲུབ་ཆེན་ཚེ་རིང་གི་སྐུ་ཕུང་བོད་མིར་རྩིས་སྤྲོད་ཡོང་ཆེད། རྒྱལ་སྤྱིའི་ཁྱོན་ཡོངས་ནས་བལ་ཡུལ་གཞུང་ལ་འབོད་སྐུལ་ཞུས་ཡོད་སྐོར་དང་། བལ་ཡུལ་གཞུང་གིས་དེ་དག་ལ་རྩིས་མེད་རྡོག་རོལ་གྱིས་ཁོང་གི་སྐུ་ཕུང་གསང་བའི་ཐོག་ནས་ཞུགས་འབུལ་བྱས་པ་དེ་རྒྱ་གཞུང་གིས་གནོན་ཤུགས་ཡིན་སྐོར། དེ་བཞིན་དེ་རིང་དྷ་ས་ཙམ་མ་ཡིན་པར་འཛམ་གླིང་གི་ས་ཕྱོགས་གང་སར་སྨོན་ལམ་གསོག་སྒྲུབ་དང༌། རྒྱ་ནག་གཞུང་ཚབ་ལས་ཁང་མདུན་ངོ་རྒོལ་སྐད་འབོད། དེ་བཞིན་བལ་ཡུལ་གཞུང་ཚབ་ལས་ཁང་ལ་ངོ་རྒོལ་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་གྱི་ཡོད་སྐོར་སོགས་གསུངས་སོང་། མཐར་དྷ་ས་ས་གནས་གཞོན་ནུའི་དྲུང་ཆེ་བསྟན་འཛིན་ལམ་བཟང་གིས་ཐུགས་རྗེ་ཆེ་ཞེས་གསུངས་བཤད་གནང་སྟེ་མཆོད་འབུལ་གྲོལ་ཡོད་པ་རེད།
རྒྱལ་གཅེས་དཔའ་བོ་སྒྲུབ་ཆེན་ཚེ་རིང་གིས་འདི་ལོའི་ཕྱི་ཟླ་༢ ཚེས་༡༣ ཉིན་བལ་ཡུལ་གྱི་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་སྐོར་ལམ་དུ། བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་རང་ལུས་མེར་སྲེག་བཏང་སྟེ་སྐུ་གྲོངས་རྗེས། བལ་ཡུལ་གཞུང་གིས་ཁོང་གི་སྐུ་ཕུང་བཙན་འཕྲོག་བྱས་བྱས་ཡོད་པར་བརྟེན། ས་གནས་བོད་མི་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་སོགས་ཀྱིས་བལ་ཡུལ་གཞུང་ལ་ཁོང་གི་སྐུ་ཕུང་ཕྱིར་སྤྲོད་དགོས་པའི་འབོད་སྐུལ་རིམ་པས་བྱས་ཡོད་ན་ཡང་། ཁོང་གི་ནང་མི་ཞིག་མེད་ན་ཕུང་པོ་རྩིས་སྤྲད་མི་ཆོག་སྐོར་བརྗོད་དེ། ཕྱི་ཟླ་༣ པའི་ཚེས་༢༥ཉིན་གྱི་དགོང་མོར་བལ་ཡུལ་གཞུང་གིས་གསང་བའི་ཐོག་ནས་ཁོང་གི་སྐུ་ཕུང་ཞུགས་འབུལ་བྱས་ཡོད་པ་རེད།
རྒྱལ་གཅེས་དཔའ་བོ་ཁོང་ཁམས་དཀར་མཛེས་ཁུལ་གསེར་རྟ་རྫོང་གནུབས་ཟུར་ཡུལ་ཚོ་རྒྱལ་ཕྱུག་སྡེ་བ་ནས་ཡིན་པ་དང་། ཡབ་སྤྲུལ་སྐུ་གསང་སྔགས་བསྟན་འཛིན་དང་མ་ཚེ་ལྷ་གཉིས་ཀྱི་སྲས་ཡིན་ཞིང་རང་ལོ་ཉི་ཤུ་རྩ་ལྔ་ཡིན་པ་རེད། ཁོང་གིས་དེ་སྔོན་བོད་མི་རིགས་ལ་ཕན་པའི་བྱ་བ་ཞིག་སྒྲུབ་མ་ཐུབ་ཀྱང་མ་འོངས་ངས་གང་ཐུབ་ཀྱིས། བོད་མ་རིགས་ལ་ཕན་པའི་བྱ་བ་ཞིག་སྒྲུབ་རྒྱུ་ཡིན་ཞེས་འབྲེལ་ཡོད་ལ་བཤད་ཡོད་པ་རེད་འདུག
གསེར་རྟ་བ་སྒྲུབ་ཚེ་ནི་ ༢༠༡༡ ལོར་རྒྱ་ནག་གཞུང་གིས་ཆབ་སྲིད་ལས་འགུལ་སྤེལ་བའི་ཉེས་མིང་འོག་ཁོང་འཇུ་བཟུང་བཀག་ཉར་བྱེད་མྱོང་ཡོད་པ་དང། རྗེས་སུ་ནང་མིས་རྒྱ་གཞུང་ལ་སྒོར་མོ་སྤྲད་དེ་གློད་གྲོལ་བཏང་།
༡༠༡༢ ལོར་བོད་ནས་སྐྱབས་བཅོལ་དུ་ཡོང་བ་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྣེ་ལེན་ཁང་དུ་ཁོང་གི་ལོ་རྒྱུས་ཐོ་འགོད་བྱས་པའི་ནང་འཁོད་དོན། སྒྲུབ་ཚེ་ལགས་ནི་ཕྱི་ལོ་༡༩༩༢ ལོར་ཁམས་གསེར་རྟ་རྫོང་གི་གནུབས་ཟུར་ཡུལ་ཚོར་སྐྱེས། ༢༠༡༣ ལོའི་ཕྱི་ཟླ་༡ ཚེས་༢༡ ཉིན་བལ་ཡུལ་སྣེ་ལེན་ཁང་དུ་འབྱོར་སྐོར་སོགས་འཁོད་ཡོད་པ་རེད། ཁོང་གིས་རང་ལུས་མེར་སྲེག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་སྐབས། བལ་ཡུལ་བོད་གཞུང་སྣེ་ལེན་ཁང་དུ་བསྡད་ཡོད་པ་རེད།།