འཕྲོད་བསྟེན་བཀའ་བློན་གྱི་གཞུང་འབྲེལ་གཟིགས་སྐོར།
ཟླ་འདིའི་ཚེས་ ༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་རྒྱ་གར་ལྷོ་ཕྱོགས་ཀོ་ལེ་གྷལ་དོན་ལྡན་གླིང་དུ་གཞུང་འབྲེལ་གཟིགས་སྐོར་ལ་ཕེབས་ཡོད་པ་དང་། ས་གནས་སུ་བཀའ་ཤག་གི་ལྟ་གྲུབ་གསུམ་དང་འབྲེལ་བའི་ཐོག་ནས་འཕྲོད་བསྟེན་ལས་ཁུངས་ཀྱི་འཆར་འགོད་དང་ལས་རིམ་སྐོར་དང་། དམིགས་བསལ་བོད་མིའི་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་དང་འབྲེལ་བའི་སྐོར་ལ་གསུང་བཤད་གནང་ཡོད་པ་རེད།
དེ་ཡང་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་གིས་ཟླ་འདིའི་ཚེས་ ༦ ཉིན་ལྡི་ལི་ནས་མཁའ་ལམ་བརྒྱུད་རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་བྷེང་ལོར་དུ་འབྱོར་ཡོད་པ་དང་། ལྷོ་སྤྱི་ལས་ཁང་གིས་སྣེ་ལེན་བྱས་ཏེ། ཀོ་ལེ་གྷལ་དོན་ལྡན་གླིང་དུ་ཕྱི་དྲོ་ཆུ་ཚོད་ ༦ ཕྱེད་ཐོག་ཕེབས་འབྱོར་བྱུང་ཡོད་པ་རེད། ཕྱི་ཚེས་ ༧ ཉིན་དོན་ལྡན་གླིང་ས་གནས་མི་མང་རྣམས་བསྡུ་བསྐོང་གིས་འཛམ་གླིང་འཕྲོད་བསྟེན་ཉིན་མོ་སྲུང་བརྩི་དང་འབྲེལ། བཀའ་བློན་གྱིས་མི་མང་ལ་གསུང་བཤད་གནང་རྒྱུའི་ལས་རིམ་ཞིག་སྤེལ་བའི་ཐོག་མར་ས་གནས་འགོ་འཛིན་བསྟན་འཛིན་དབྱིག་གཉེན་གྱིས། ས་གནས་འཕྲོད་བསྟེན་སྨན་ཁང་གི་ལས་བསྡོམས་སྒྲོགས་སྦྱང་དང་འབྲེལ་ས་གནས་སུ་འཕྲོད་བསྟེན་སྨན་ཁང་དུ་སྨན་པ་མེད་པ་དང་། གྲོང་སྡེ་ཁག་ལ་འཐུང་ཆུས་མི་འདང་བའི་དཀའ་ངལ་ཆེན་པོ་ཡོད་སྐོར་ངོ་སྤྲོད་གནང་ཡོད་པ་རེད།
འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་གིས་བོད་མིའི་སྒྲིགས་འཛུགས་ཀྱི་ལྟ་གྲུབ་གསུམ་དང་འཕྲོད་བསྟེན་ལས་ཁང་གི་ལས་གཞི་དང་འཆར་འགོད། བོད་མིའི་སྨན་བཅོས་ལྟ་སྐྱོང་གི་ལས་གཞིའི་གལ་ཆེའི་རིང་བཞིན་སྐོར་ལ་གསུང་བཤད་གནང་སྟེ། བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞི་དེ་བཀའ་ཤག་སྐབས་གོང་མས་གཏན་འབེབས་བྱས་ཤིང་། སྐབས་ ༡༤ པའི་བཀའ་ཤག་གིས་ལག་བསྟར་བྱེད་ཀྱི་ཡོད་པ་དང་། དེ་ལ་བོད་མི་མང་སྤྱི་འཐུས་བཅས་སུ་བགྲོ་གླེང་བྱས་ཏེ། རྒྱབ་སྐྱོར་ཐོབ་པའི་གལ་ཆེའི་ལས་གཞི་ཞིག་ཡིན་སྐོར་གསུངས་སོང་། བཀའ་བློན་གྱིས་མུ་མཐུད་དུ་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ཚོགས་མིའི་ནང་། ས་གནས་ཀྱི་མི་མང་མཉམ་ཞུགས་བྱས་པ་ཡིན་ན། མི་མང་གི་རིམ་པ་གཉིས་པ་དང་གསུམ་པའི་སྨན་བཅོས་ཀྱི་དཀའ་ངལ་སེལ་རྒྱུར་ཕན་ཐོགས་ཆེན་པོ་ཡོད་པ་དང་། དེ་ཡང་དོ་བདག་ནད་གཞི་ཉེན་ཁ་ཆེན་པོ་ཡོད་པ་དང་། ཉེན་ཁ་མེད་པ་གཉིས་ཀ་དོ་མཉམ་གྱིས་མཉམ་ཞུགས་ཐུབ་པ་བྱུང་ན་སྨན་བཅོས་ལྟ་སྐྱོང་ལས་གཞི་དང་། མི་མང་གཉིས་ཀར་ཕན་ཐོགས་ཡོད་སྐོར་འགྲེལ་བརྗོད་གནང་སོང་།
མཇུག་མཐར་བཀའ་བློན་གྱིས་སྨན་བཅོས་ལྟ་སྐྱོང་ཚོགས་པའི་ནང་མི་མང་མཉམ་ཞུགས་དགོས་པའི་འབོད་སྐུལ་དང་སྦྲགས། མུ་མཐུད་དུ་དེང་སྐབས་མི་མང་ནང་དུ་མི་རེ་ཟུང་གིས་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞི་དེ་འཕྲོད་བསྟེན་ལས་ཁུངས་ཀྱི་དཔལ་འབྱོར་འདུ་འགོད་ཆེད་ཡིན་སྐོར་བཤད་མཁན་དང་། ཡང་ཉམ་ཐག་དང་ལས་བྱེད་ཀྱི་ཆེད་དུ་ཡིན་སྐོར་གླེང་ཕྱོགས་གཉིས་བྱུང་བཞིན་ཡོད་འདུག་པ་དེ་དག་བདེན་པ་མིན་སྐོར་གསལ་བཤད་གནང་ཡོད་པ་རེད།

ཚོགས་འདུའི་ཐོག་མི་མང་ནང་ནས་དོན་ལྡན་གླིང་གཞིས་ཆགས་ནི་ལྷོ་ཕྱོགས་གཞིས་ཆགས་ཁག་གི་ནང་ནས་གཞིས་ཆགས་ཆེ་ཤོས་དང་མི་འབོར་མང་ཤོས་ཀྱི་གྲས་ཤིག་ཡིན་པ་དང་། གཞིས་ཆགས་གལ་ཆེན་ཞིག་ཡིན་པ་བཞིན་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ངོས་ནས་ཀྱང་ས་གནས་མི་མང་གི་གནས་སྟངས་ལ་ལྟ་རྟོགས་དང་གཟིགས་སྐྱོང་ཡག་པོ་གནང་དགོས་པ་ལས། ས་གནས་མི་མང་ཉམ་ཆུང་ཡིན་པར་བརྟེན་སྣང་མེད་དུ་འཇོག་མི་རུང་བ་དང་། ས་གནས་འཕྲོད་བསྟེན་སྨན་ཁང་ནང་དེང་སྐབས་སྨན་པ་མེད་པ་དང་གཞིས་ཆགས་ཀྱི་གྲོང་སྡེ་ཁག་ལ་འཐུང་ཆུ་འདང་ངེས་མེད་པའི་དཀའ་ངལ་ཆེན་པོ་ཡོད་པའི་སྐོར་ཀྱི་བདེ་སྡུག་སྙན་གསེང་ཞུ་མཁན་ཡང་ཁག་ཅིག་བྱུང་སོང་ལ། བཀའ་བློན་གྱིས་དོན་ལྡན་གླིང་དུ་སྨན་པ་མྱུར་དུ་གཏོང་ཐབས་འབད་བརྩོན་ཞུ་རྒྱུ་ཡིན་སྐོར་སོགས་ཀྱི་ལན་འདེབས་ཀྱང་གནང་ཡོད་པ་རེད། བཀའ་བློན་གྱིས་མི་མང་ལ་གསུང་བཤད་གནང་རྒྱུའི་ལས་རིམ་མཇུག་གྲུབ་པ་དང་། ཕྱི་དྲོ་འཕྲོད་བསྟེན་སྨན་ཁང་སོགས་ས་གནས་ཀྱི་འབྲེལ་ཡོད་སྡེ་ཚན་ཁག་ལ་གཟིགས་སྐོར་གནང་ཡོད་པ་རེད།
མེ་སོར་གསར་འགོད་པས།
