༧གོང་ས་མཆོག་ལ་ལྷོ་ཊི་རོལ་གྲངས་ཉུང་མི་རིགས་ཀྱི་གཟེངས་རྟགས།

༧གོང་ས་མཆོག་གིས་ཟླ་འདིའི་ཕྱི་ཚེས་༩ ཉིན་ནས་ཡུ་རོབ་ཁུལ་དུ་མཛད་འཕྲིན་སྐྱོང་གི་ཡོད་པ་དང་། ཕྱི་ཚེས་༡༠ ཉིན་༧གོང་ས་མཆོག་ལ་ལྷོ་ཊི་རོལ་གྲངས་ཉུང་མི་རིགས་ཀྱི་གཟེངས་རྟགས་(South Tyrol Minority Award.)ཞེས་པ་དེ་འབུལ་གཏན་ཁེལ་ཡོད་པ་རེད།

དེ་ཡང་ཟླ་འདིའི་ཕྱི་ཚེས་༩ ཉིན༧གོང་ས་མཆོག་ལྷོ་ཊི་རོལ་གྱི་སྲིད་འཛིན་སྐུ་ཞབས་ལུ་ཝི་སི་ཌུན་ཝལ་ཌར་ (President Luis Durnwalder) མཆོག་གིས་ཕེབས་བསུ་དང་སྣེ་ལེན་གྱིས། ཨི་ཊ་ལིའི་ (Italy) ལྷོ་ཊི་རོལ་ (South Tyrol) ཁུལ་གྱི་བྷོལ་ཛ་ནོ་ (Bolzano) དང་ཏེ་རན་ཏོའི་ (Trento) གཉིས་ཀྱི་ནང་ཆིབ་བསྒྱུར་བསྐྱངས་ཡོད་འདུག་པ་དང་། ཕྱི་ཚེས་༡༠ ཉིན་ལྷོ་ཊི་རོལ་གྱི་སྲིད་འཛིན་སྐུ་ཞབས་ལུ་ཝི་སི་ཌུན་ཝལ་ཌར་མཆོག་གིས། ༧གོང་ས་མཆོག་ལ་ལྷོ་ཊི་རོལ་གྲངས་ཉུང་མི་རིགས་ཀྱི་གཟེངས་རྟགས་ (South Tyrol Minority Award.)འབུལ་ལམ་ཞུ་རྒྱུ་ཡིན་པ་མ་ཟད། མཛད་སྒོའི་སྐབས་ལྷོ་ཊི་རོལ་གྱི་དབུས་དང་ས་གནས་གཞུང་འབྲེལ་མི་སྣ་ཡོངས་རྫོགས་འདུ་འཛོམས་ཀྱིས། མཛད་སྒོ་རྒྱས་པ་དང་འབྲེལ་༧གོང་ས་མཆོག་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་དེ་འབུལ་རྒྱུ་ཡིན་འདུག

དེ་ཡང་གཟེངས་རྟགས་དེ་༧གོང་ས་མཆོག་ལ་འབུལ་རྒྱུའི་རྒྱུ་མཚན་གཙོ་བོ་ནི། ༧གོང་ས་མཆོག་གིས་སྐུ་ཚེ་ཧྲིལ་པོའི་རིང་འཚེ་བ་མེད་པའི་ཐབས་ལམ་ཉག་གཅིག་ལ་བརྟེན་ནས་བོད་མིའི་བདེན་པའི་འཐབ་རྩོད་མཛད་པ་དེར་བསྔགས་བརྗོད་ཀྱི་ཆེད་དུ་ཡིན་པ་རེད།

༧གོང་ས་མཆོག་གིས་བྷོལ་ཛ་ནོ་རང་སྐྱོང་མངའ་ཁུལ་གྱི་ཚོགས་ཁང་ཞིག་ཏུ་ཆོས་ལུགས་ཀྱི་མཚམས་ལས་འདས་པ། (Beyond Religion) ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་རྒྱུ་རེད་འདུག

དེ་བཞིན་ཕྱི་ཚེས་༡༡ ཉིན་༸གོང་ས་མཆོག་གིས་ཨི་ཊ་ལི་བོད་རིགས་མཐུན་ཚོགས་ (Association Italia-Tibet) བཙུགས་ནས་མི་ལོ་༢༥ ཧྲིལ་པོ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་ཆེད། འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ལ་མཇལ་ཁ་དང་བཀའ་སློབ་བསྩལ་རྒྱུ་ཡིན་པ་རེད།

༧གོང་ས་མཆོག་ཕྱི་ལོ་༡༩༩༧ ལོ་དང་ཕྱི་ལོ་༢༠༡༢ ལོ་སོ་སོར་ལྷོ་ཊི་རོལ་རང་སྐྱོང་ཁུལ་དུ་ཆིབ་བསྒྱུར་བསྐྱངས་ཡོད་པ་དང་། ད་ལོར་ཁུལ་དེར་ཆིབ་བསྒྱུར་བསྐྱངས་ཐེངས་༣ པ་དེ་ཆགས་ཀྱི་ཡོད་པ་རེད།