རྒྱ་ནག་ཏུ་དྲ་ཐོག་གི་བསམ་ཚུལ་འོས་བསྡུ།
རྒྱ་ནག་གི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཞིག་ཏུ་ཞི་ཅིན་ཕིང་གིས་འདོན་བཞིན་པའི་༼རྒྱ་ནག་གི་ཕུགས་བསམ་༽ཞེས་པར་དྲ་ཐོག་ནས་མི་མང་ལ་བསམ་ཚུལ་བསྡུ་རུབ་བྱས་ཡོད་པ་དང་། མཇུག་མཐར་ཉིན་དེ་རང་ལ་འོས་འཕེན་མཁན་བརྒྱ་ཆ་༨༠ ལྷག་གིས་རྒྱ་ནག་དམར་པོའི་ཤོག་ཁག་གཅིག་གི་དབང་བསྒྱུར་ལ་མོས་མཐུན་མ་བྱས་པར་བརྟེན། ལམ་སང་འོས་བསྡུ་དེ་དྲ་ཐོག་ནས་ནག་བསུབ་བཏང་ཡོད་འདུག
ཟླ་འདིའི་ཕྱི་ཚེས་༡༥ཉིན་རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་༼མི་དམངས་ཉིན་རེའི་ཚགས་པར་༽ཁང་གི་མིང་ཐོག་ཏུ་གཉེར་བའི་༼མི་དམངས་གླེང་སྟེགས་༽དྲ་རྒྱ་ཞེས་པའི་སྟེང་དུ་“ཡིད་ཆེས” “ཡིད་རྟོན” “དད་འདུན”ཞེས་པའི་བརྗོད་གཞིའི་ཐོག་འོས་འཕེན་བརྟག་དཔྱད་ཅིག་བྱས་ཏེ། རྒྱ་ནག་གི་སྲིད་འཛིན་གསར་པ་ཞི་ཅིན་ཕིང་གིས་བཏོན་པའི་༼རྒྱ་ནག་གི་ཕུགས་བསམ་༽ཞེས་པར་མི་མང་གི་བསམ་ཚུལ་བསྡུ་རུབ་བྱས་ཡོད་པ་རེད།
འོས་གཞི་དེ་ཁག་བགོས་ནས་དབྱེ་ན་དོན་དོན་ཚན་བཞི་ཡོད་པ་དང་། དོན་ཚན་རེ་རེར་གདམ་ཀ་བཞི་རེ་ཡོད་པ་དག་ནི། ༡) མཐའ་གཅིག་ཏུ་མོས་མཐུན་ཡོད། ༢) མོས་མཐུན་ཡོད། ༣) གསལ་པོ་མི་ཤེས་པའམ་མི་ཤེས། ༤) མོས་མཐུན་མེད་ཅེས་སོགས་ཡིན་འདུག
དེའི་ནང་དུ་རྒྱ་ནག་དམར་པོའི་གཞུང་ལ་གསར་བརྗེ་བྱེད་པར་འདང་ངེས་ཀྱི་བློ་སྟོབས་དང་རྣམ་དཔྱོད་ཡོད་པར་མོས་མཐུན་ཡོད་དམ་ཞེས་པར་འོས་ཤོག་བརྒྱ་ཆ་72.1%ལྷག་གིས་མོས་མཐུན་མེད་པ་དང་། དེ་བཞིན་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་སྤེལ་བྱས་ན་རྒྱ་ཆེའི་མི་མང་གི་གཞི་རྩའི་ཁེ་ཕན་ལ་ཕན་ཐོགས་ཡོད་པའི་བཤད་སྟངས་དེར་མོས་མཐུན་ཡོད་དམ་ཞེས་དང་། རྒྱ་ནག་དམར་པོའི་ཤོག་ཁག་གཅིག་པུས་རྒྱ་ནག་དེ་བཞིན་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་དུ་ལེགས་པར་སྣེ་འཁྲིད་ཐུབ་པའི་བཤད་སྟངས་དེར་མཐའ་གཅིག་ཏུ་མོས་མཐུན་ཡོད་དམ། ད་དུང་རྒྱ་ནག་ཏུ་ཤོག་ཁག་གཅིག་གི་སྲིད་དབང་འཛིན་པ་དང་ཤོག་ཁག་མང་པའི་ལམ་ལུགས་དབར་ལྟ་ཚུལ་གང་འདྲ་ཡོད་དམ། ཞེས་པའི་དོན་ཚན་སོ་སོར་ཆ་སྙོམས་ཀྱིས་འོས་ཤོག་བརྒྱ་ཆ་80%ལ་ཉེ་བས་མོས་མཐུན་མེད་པར་འོས་བླུག་ཡོད་པ་དང་། མོས་མཐུན་ཡོད་པ་དང་མཐའ་གཅིག་ཏུ་མོས་མཐུན་ཡོད་པའི་བརྒྱ་ཆ་8%དང་7%མ་གཏོགས་ཟིན་པ་མེད་པ་རེད་འདུག དེར་བརྟེན་དྲ་ཐོག་གནས་ཚུལ་དེ་ནག་བསུབ་བཏང་ཡོད་པའི་གནས་ཚུལ་འདུག །