བོད་ཀྱི་བང་ཆེན་འགྲེམས་སྤེལ་བྱས་ནས་ལོ་བཅུ་འཁོར་བ།
གསར་འགྱུར་བརྒྱུད་ལམ་ཁག་ནི་སྤྱི་ཚོགས་ནང་ལྟ་བའི་མིག་དང་ཉན་པའི་རྣ་བ་རེད་ཅེས་ཤོད་ཀྱི་ཡོད། དེར་བརྟེན་གསར་འགྱུར་བརྒྱུད་ལམ་ཁག་ནས་གང་གསུངས་པ་དེ་དག་བདེན་པ་དགོས་ཞེས་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་གྱིས་གསུངས་སོང་།
དེ་ཡང་ཟླ་འདིའི་ཚེས་༡༨ ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༠།༣༠ ཀྱི་ཐོག་དྷ་ས་མེག་གྷན་བོད་ཀྱི་གསོལ་མགྲོན་ཁང་དུ། ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གསར་འཛུགས་དང་བོད་ཀྱི་བང་ཆེན་གསར་ཤོག་འདོན་སྤེལ་བྱས་ནས་ལོ་བཅུ་འཁོར་བའི་མཛད་སྒོ་ཞིག་འཚོགས་ཡོད་པ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་གྱིས་དབུས། སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་སྤྱི་འཐུས་ཀརྨ་ཆོས་འཕེལ། ཕྱི་དྲིལ་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་བཅས་ཀྱིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་རེད།
དེ་བཞིན་མཛད་སྒོའི་ཐོག་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ། དྷ་སའི་ཉེ་འཁོར་གྱི་རྩོམ་པ་པོ་དང་གསར་འགོད་པ་བཅས་ཁྱོན་མི་གྲངས་༦༠ བརྒལ་བ་ལྷན་འཛོམས་བྱུང་ཡོད་པ་རེད།
མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་གིས་སྣང་གསལ་མར་མེའི་ཞལ་དབྱེ་གྲུབ་མཚམས། ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གི་འགན་འཛིན་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ཀྱིས། ལོ་བཅུའི་རིང་གི་ལས་བསྡོམས་སྒྲོགས་སྦྱང་དང་འབྲེལ་གསར་ཁང་གི་དམིགས་ཡུལ་གཙོ་བོ་བོད་ཀྱི་ཆོས་དང་རིག་གཞུང་རྒྱུན་འཛིན་བྱ་རྒྱུ་དང་། བོད་དོན་བདེན་མཐའ་གསལ་ཐབས་འབད་བརྩོན་བྱ་རྒྱུ། བོད་ཀྱི་གསར་འགྱུར་བརྒྱུད་ལམ་ཚད་ལྡན་ཡོང་ཐབས། དེ་བཞིན་མི་རིགས་གཞན་གྱི་རིག་གཞུང་གི་ལེགས་ཆ་ནང་འདྲེན་བྱ་རྒྱུ་སོགས་ཡིན་སྐོར་གསུངས་སོང་།
དེ་རྗེས་སྐུ་མགྲོན་ཕྱི་དྲིལ་དྲུང་ཆེ་བཀྲིས་ཕུན་ཚོགས་ཀྱིས་གསུང་བཤད་གནང་དོན། “གོང་དུ་འགན་འཛིན་གྱིས་དམིགས་ཡུལ་བཞི་དང་ལངས་ཕྱོགས་ལྔའི་ལས་བསྡོམས་སྙན་སྒྲོན་ཞུ་སྐབས། ང་རང་གི་ཚོར་སྣང་ལ་བོད་པའི་སྤྱི་ཚོགས་ནང་འདི་ལྟ་བུའི་སྒྲིག་འཛུགས་སྤུས་དག་པོ་ཞིག་ཡོད་པ་དེར་རྗེས་སུ་ཡི་རངས་དང་དམིགས་བསལ་བསྔགས་བརྗོད་ཞུ་རྒྱུ་ཡིན། སྲི་ཞུ་ཁང་འདིའི་ལས་དོན་ཕྱོགས་གལ་ཆེན་གཉིས་ཆགས་ཀྱི་འདུག གཅིག་རིག་གཞུང་ལ་སྲི་ཞུ་བྱ་རྒྱུ་དང་། གཉིས་པ་དེ་གསར་འགོད་དང་འབྲེལ་བའི་ལས་ཀ་རེད། དེ་གཉིས་ཀ་རྒྱལ་ཁབ་དང་མི་རིགས་གང་གི་ཐོག་ནས་བལྟས་ན་ཡང་གཞི་རིམ་མང་ཚོགས་ཀྱི་དགོས་མཁོ་ཆེ་བའི་གནད་དོན་གཉིས་རེད་བསམ་གྱི་ཡོད་ཅེས་”གསུངས་ཏེ། མང་གཙོའི་སྤྱི་ཚོགས་ནང་གསར་འགོད་ལས་རིགས་དེ་དགོས་མཁོ་གལ་ཆེ་ཤོས་ཤིག་ཆགས་ཡོད་པ་དང་། ལྷག་པར་ཏུ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་བསྟུན་ཏེ་དངོས་ཡོད་ཀྱི་གནས་ཚུལ་གང་ཡིན་པ་དེ་། རྒྱལ་སྤྱིའི་ཐོག་དུས་ཐོག་ཏུ་སྤེལ་དགོས་པ་གལ་ཆེན་པོ་ཆགས་སྐོར་སོགས་གསུངས་སོང་།
དེ་ནས་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་སྤྱི་འཐུས་ཀརྨ་ཆོས་འཕེལ་གྱིས་མཛད་སྒོ་དང་འབྲེལ་བའི་གསུངས་བཤད་གནང་སྐབས། གསར་འགོད་པ་གང་ཞིག་གིས་སྤྱི་ཚོགས་ནང་གང་ཐོན་པའི་གནས་ཚུལ་དེ་དག་བདེན་པ་དང་དྲང་པོར་གཞི་བཅོལ་ནས་མང་ཚོགས་ནང་དུས་ཐོག་ཏུ་སྐྱེལ་དགོས་པ་གལ་ཆེན་པོ་ཡིན་སྐོར་དང་། མང་གཙོའི་ལམ་ལུགས་ནང་གསར་འགོད་ལས་རིགས་གལ་ཆེན་པོ་ཆགས་ཡོད་སྐོར། དེ་བཞིན་སྲི་ཞུ་ཁང་འདིས་བོད་མིའི་རིག་གཞུང་དང་རྩ་དོན་ཆེད་ཞབས་འདེགས་མི་དམན་པ་ཞུས་ཡོད་པར་བསྔགས་བརྗོད་དང་། མ་འོངས་པར་མུ་མཐུད་ནས་སྲི་ཞུ་ཁང་འདིའི་ལས་དོན་བྱེད་ཕྱོགས་སྔར་ལས་ལྷག་ཡར་རྒྱས་གཏོང་དགོས་སྐོར་དང་། གསར་འགོད་རིག་པའི་གཞུང་དང་འབྲེལ་བའི་ལས་དོན་བྱེད་ཕྱོགས་སྐོར་སོགས་གསུངས་སོང་།
དེ་ནས་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་གྱིས་གསུང་བཤད་གནང་སྐབས། སྲི་ཞུ་ཁང་གི་ལས་དོན་བྱེད་ཕྱོགས་ལ་བསྔགས་བརྗོད་དང་འབྲེལ་གསུངས་དོན། “ང་ཚོའི་སྤྱི་ཚོགས་ནང་མི་རིགས་གཅིག་གིས་སྤྱི་ཚོགས་ཀྱི་འགན་ཁུར་ཏེ་ལས་དོན་སྒྲུབ་བཞིན་ཡོད། ཡང་རིགས་གཅིག་གིས་སོ་སོས་ལས་དོན་གང་ཡང་མ་བྱས་པར་བྱེད་མཁན་ཚོར་སྐྱོན་བརྗོད་ཁོ་ན་བྱེད་ཀྱི་འདུག དེ་བཞིན་བར་དུ་གནས་མཁན་རིགས་གཅིག་ཡོང་གི་འདུག དེ་ནི་སྤྱིར་བཏང་མིའི་སྤྱི་ཚོགས་ཀྱི་འགྲོ་སྟངས་ཤིག་རེད། འོན་ཀྱང་སོ་སོའི་མི་རིགས་དང་རྒྱལ་ཁབ་ཆེད་འགན་འཁུར་ལེན་མཁན་མང་བ་ཡོད་སྟབས། ལས་འགུལ་གྲ་འགྲིག་པོ་དང་ཚགས་ཚུད་ཡོང་གི་ཡོད། སྤྱིར་བཏང་གསར་འགྱུར་བརྒྱུད་ལམ་ཁག་ནི་མང་གཙོའི་ནང་ཧ་ཅང་གལ་ཆེན་པོ་རེད། མང་གཙོའི་ཀ་བ་གསུམ་ཞེས་ཡོངས་གྲགས་རེད། ཕྱིས་སུ་གསར་འགྱུར་བརྒྱུད་ལམ་ཁག་ནི་མང་གཙོའི་ཀ་བ་བཞི་པ་ཡིན་ཞེས་ཤོད་ཀྱི་ཡོད། གསར་འགྱུར་བརྒྱུད་ལམ་ཁག་ནི་སྤྱི་ཚོགས་ནང་ལྟ་བའི་མིག་དང་ཉན་པའི་རྣ་བ་རེད་ཅེས་ཀྱང་ཤོད་ཀྱི་ཡོད། དེར་བརྟེན་གསར་འགྱུར་བརྒྱུད་ལམ་ཁག་ནས་གསུངས་པ་དེ་དག་བདེན་པ་དགོས་པ་དང། འབྲི་མཁན་ལ་བློ་ཁོག་དགོས་པ་མ་ཟད། ལྷག་བསམ་དང་སྲི་ཞུ་དགོས། གང་ལྟར་གསར་འགྱུར་བརྒྱུད་ལམ་དེ་དག་ཧ་ཅང་གལ་ཆེན་པོ་རེད། དེར་བརྟེན་གསར་འགྱུར་བརྒྱུད་ལམ་ཁག་ནང་ལས་དོན་གཉེར་མཁན་ཚོས་བོད་མི་གནས་ཡུལ་གྱི་ས་གནས་མཐུན་ཚོགས་ལ་འབྲེལ་བ་གནང་སྟེ། ང་ཚོས་ཕྱར་གྲུ་མཉམ་འདེགས་ཐོག་བོད་བསྟན་སྲིད་མི་རིགས་ཆེད་རང་ལུས་མེར་སྲེག་གཏོང་མཁན་རྣམ་པའི་མངོན་འདོད་རྣམས་འཛམ་གླིང་འདིའི་སྟེང་ཁྱབ་ཐབས་བྱེད་དགོས་”ཞེས་སོགས་གསུངས་སོང་།
ཉིན་གུང་རྒྱབ་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གི་ལས་དོན་སྤྱི་དང་། བོད་ཀྱི་བང་ཆེན་གསར་ཤོག་དང་དྲ་རྒྱ་ཡར་རྒྱས་གཏོང་ཕྱོགས་བཅས་ཀྱི་སྐོར་ལ་བགྲོ་གླེང་གནང་སྟེ། མ་འོངས་པའི་ལས་དོན་བྱེད་ཕྱོགས་ཐོག་དགོངས་ཚུལ་བྱུང་བ་ཁག་མཇུག་བསྡོམས་བརྒྱབ་ཡོད་པ་རེད།།