རྒྱ་གར་གྱི་དུས་དེབ་ཐོག་རང་སྲེག་སྐོར་གྱི་ཆེད་དོན་དཔྱད་གླེང་།
ཟླ་འདིའི་ཚེས་༢༣ ཉིན་ཉིན་གྱི་ཕྱི་དྲོ་བོད་སྨྱུག་གི་གོ་སྒྲིག་འོག བོད་ནང་རང་ལུས་མེར་སྲེག་གླེང་སློང་དང་འབྲེལ་བའི་བོད་ཀྱི་ཆབ་སྲིད་དང་རིག་གཞུང་གི་དཀའ་ངལ་ངོ་སྤྲོད་གནང་བའི་རྒྱ་གར་གྱི་ཆེད་དོན་དཔྱད་གླེང་གི་དུས་དེབ་ཅིག་དྷ་སར་མེག་གྷན་དུ་དབུ་འབྱེད་འགྲེམས་སྤེལ་གནང་སོང་།
དེ་ཡང་། རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་འགྲེམས་སྤེལ་གནང་བཞིན་ཡོད་པའི་ Seminar ཞེས་པའི་ཆེད་དོན་དཔྱད་གླེང་གི་དུས་དེབ་འདི། ཟླ་རེར་རྒྱ་གར་དང་རྒྱལ་སྤྱིའི་ནང་གི་དཀའ་སྡུག་གཅིག་གི་ཐད་དམིགས་བསལ་དཔྱད་རྩོམ་འདོན་སྤེལ་གནང་གི་ཡོད་པ་ལྟར། འདི་ལོའི་ཕྱི་ཟླ་བཞི་པའི་འདོན་ཐེངས་འདིའི་ནང་བོད་མི་དང་རྒྱ་གར་བ། དེ་བཞིན་རྒྱ་རིགས་བཅས་རྩོམ་པ་པོ་ ༢༠ ཙམ་ནས། བོད་ནང་གི་རང་ལུས་མེར་སྲེག་གླེང་སློང་རྒྱུད་བོད་ཀྱི་ཆབ་སྲིད་དང་ཁོར་ཡུག དེ་བཞིན་རིག་གཞུང་གི་དཀའ་ངལ་སོགས་ངོ་སྤྲོད་གནང་འདུག འདིའི་སྐོར་རྩོམ་པ་པོ་ལྡུམ་རྭ་བུ་ཆུང་བསོད་ནམས་ཀྱིས་དུས་དེབ་དེ་ནི་གཞན་དང་མ་འདྲ་བར་འདོན་ཐེངས་རེ་རེ་དམིགས་བསལ་གྱི་ལེ་ཚན་གཅིག་གི་སྐོར་རྐྱང་རྐྱང་འདོན་གྱི་ཡོད་པ་དང་། དུས་དེབ་དེའི་ནང་བོད་ཀྱི་རྩོམ་པ་པོ་དང་། སྒྱུ་རྩལ་བ་སོགས་༡༣ གསུམ་གྱིས་རྩོམ་ཡིག་དང་རི་མོ་བྲིས་ཡོད་སྐོར་ངོ་སྤྲོད་གནང་སོང་།

མཛད་སྒོའི་ཐོག་དུས་དེབ་དེའི་ནང་རྩོམ་འབྲི་མཁན། བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་དང་། བོད་མི་མང་སྤྱི་འཐུས་ཤར་གླིང་བསྟན་འཛིན་ཟླ་སྒྲོན་། དེ་བཞིན་བོད་ཀྱི་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས། རྩོམ་པ་པོ་བུ་ཆུང་བསོད་ནམས་བཅས་ནས་རང་ཉིད་ཀྱི་དཔྱད་རྩོམ་གྱི་ནང་དོན་ངོ་སྤྲོད་དང་སྦྲགས། བོད་ནང་གི་ཛ་དྲག་གནད་དོན་ཐད་མང་ཚོགས་ལྷན་དུ་དྲི་བ་དྲི་ལན་ཀྱང་གནང་ཡོད་པ་རེད།
ཐུབ་བསྟན་བསམ་འཕེལ་གྱིས་དཔྱད་རྩོམ་དེའི་ནང་། ཕྱི་རྒྱལ་གྱི་རྩོམ་པ་པོ། Claude Arpi ཡིས། ཕྱི་ལོ། ༡༩༦༢ ལོའི་རྒྱ་དཀར་ནག་གཉིས་དབར་གྱི་དམག་འཁྲུག་ཐད་རྩོམ་ཡིག་བྲིས་པའི་དཔེ་དེབ་ཞིག་གི་དཔྱད་པ་ཡིན་སྟབས། དམག་འཁྲུག་འདི་རྒྱ་ནག་ལ་ཐོབ་བཞིན་པའི་དུས་ཤིག་ལ་ཡང་རྒྱ་ནག་གིས་ཕྱིར་ཐེན་བྱེད་དགོས་པའི་རྒྱུ་མཚན་སྐོར་དང་། ལོ་རྒྱུས་ཀྱི་ཐོག་ནས་བོད་ཀྱི་གནས་བབས་སྐོར་བྲིས་ཡོད་པ་རེད།
ཤར་གླིང་ཟླ་སྒྲོན་གྱི་རྩོམ་ཡིག་གི་ནང་དོན་གཙོ་བོ་ནི། བོད་མིའི་རྒྱལ་ཞེན་དང་། བཙན་བྱོལ་ཞེས་པའི་ཐ་སྙད་གཉིས་ཀྱི་ཐོག་གླེང་སློང་བྱས་ཡོད་པ་དང་། རྒྱལ་ཞེན་ལ་ངོས་འཛིན་བྱེད་ཕྱོགས་དང་འབྱུང་རྐྱེན། དེའི་ཕན་ཐོགས་ཀྱི་སྐོར་དང་། སྐྱབས་བཅོལ་ནང་དུ་ཡོད་པ་དེ་དྲན་པ་བརྗེད་མི་ཉན་སྐོར་བྲིས་ཡོད་པ་རེད།
བསྟན་འཛིན་བརྩོན་འགྲུས་ཀྱི་རྩོམ་ཡིག་དེའི་ནང་བོད་ནང་རང་ལུས་མེར་སྲེག་གིས་མཚོན་བོད་ནང་གི་ཛ་དྲག་གནས་སྟངས་ཁག་བོད་མི་ཚོས་ཤེས་རྟོགས་དགོས་པ་དང་། རྒྱལ་སྤྱིའི་ཐོག་གནས་ཚུལ་འགྲེམས་སྤེལ་བྱེད་རྒྱུ་གལ་ཆེན་ཡིན་སྐོར། རྒྱལ་སྤྱིའི་ཐོག་ནས་བོད་དོན་རྒྱབ་སྐྱོར་ཀྱི་ནུས་ཤུགས་སྐོར། དེ་བཞིན་བོད་ནང་གི་ངོ་རྒོལ་གྱི་འབྱུང་རྐྱེན་ནི་རྒྱ་ནག་གི་བཙན་འཛུལ་གཅིག་པུ་མ་ཡིན་པར། རྒྱལ་སྤྱིའི་ནང་རྒྱ་ནག་དང་མཉམ་དུ་བོད་ཀྱི་གཏེར་ཁ་སོགས་རིན་གོང་ཁེ་པོའི་ཐོག་ནས་ཚོང་རྒྱག་གི་ཡོད་པ་རེད། སྟོབས་ཆེན་རྒྱལ་ཁབ་ཁག་ཀྱང་རྒྱ་ནག་ལ་བསྙལ་ནས་བོད་པས། བོད་པའི་དཀའ་ངལ་ཡ་ལེན་བྱེད་མཁན་མེད་པ་སོགས་ཀྱིས་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་གྱི་ཡོད་སྐོར་བྲིས་ཡོད་པ་རེད།
བུ་ཆུང་བསོད་ནམས་ཀྱི་རྩོམ་ཡིག་ནང་། བོད་ནང་རང་ལུས་མེར་སྲེག་གི་གནས་ཚུལ་སླེབས་སྐབས། པེ་ཅང་གི་སྲིད་ཇུས་དང་། བོད་ནང་གི་རང་ལུས་མེར་སྲེག་གཉིས་བར་གྱི་དཀའ་ངལ་དངོས་གནས་ཞིབ་ཚགས་པོ་དཀོན་པོ་ཡིན་པས། རྒྱ་ནག་གིས་བོད་མིར་རང་ལུས་མེར་སྲེག་མ་བཏང་ཐབས་མེད་ཀྱི་ལས་གཞི་ག་རེ་བརྩམ་ཡོད་མེད་ཞིབ་ཚགས་དང་། རྒྱ་ནག་དམར་ཕྱོགས་ཀྱིས་སྔོན་མ་དམར་དམག་རྒྱང་བསྐྱོད་སྐབས་ནས། བོད་པའི་ནང་ཆོས་ལ་བཀག་འགོག་བྱེད་འགོ་ཚུགས་ཡོད་སྐོར། འབྲོག་པ་གནས་སྤོས་དེ་ཡང་༡༩༥༦ ལོར་རྒྱ་ནག་གི་དམག་སྤྱི་ཀྲུའུ་ཏུའུ་ཡིས་འབྲོག་པ་གནས་གཅིག་ཏུ་སྤོ་དགོས་སྐོར་བརྗོད་ཡོད་པ། དེ་བཞིན་གཏེར་ཁ་སྔོགས་འདོན་དང་། སྐད་ཡིག་རང་དབང་མེད་པ་སོགས་ཀྱིས་རྒྱ་གཞུང་ལ་རང་ལུས་མེར་སྲེག་གི་ངོ་རྒོལ་ཡོང་རྐྱེན་རེ་རེ་བཞིན་བྲིས་ཡོད་པ་རེད།
དུས་དེབ་འདིའི་ནང་རྩོམ་པ་པོ་ཁ་ཤས་ནས་བོད་ཀྱི་གནད་དོན་ཁྲོད་དུ་རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས་ཁེ་ཕན་གང་ལེན་གྱི་ཡོད་མེད་དང་། དངོས་སུ་བོད་དོན་ཐད་ཁ་ཡོད་ལག་ཡོད་ཀྱི་རྒྱབ་སྐྱོར་དེ་ཙམ་གནང་གི་མེད་སྐོར་སོགས་གླེང་སློང་གནང་བའི་སྐབས། ཨ་རི་ནས་ཡིན་པའི་གྲོས་ཚོགས་འཐུས་མི་ཟུར་པ། Bob Ney གྱིས། བོད་མིའི་ངོས་ནས་རྒྱལ་སྤྱིའི་ཁ་ཡོད་ལག་ཡོད་ཀྱི་རྒྱབ་སྐྱོར་ཡོང་ཐབས་ཆེད། དངོས་སུ་གྲོས་ཚོགས་འཐུས་མི་བཅས་བཞུགས་སྒར་དུ་གདན་ཞུ་དགོས་པའི་དགོངས་ཚུལ་སོགས་གསུངས་སོང་ལ། བོད་མི་མང་སྤྱི་འཐུས་བསྟན་འཛིན་ཟླ་སྒྲོན་གྱིས་བོད་ཕྱོགས་ནས་གང་ཡོང་འབད་བརྩོན་གནང་གི་ཡོད་པ་རྣམས་ཀྱང་ཞིབ་ཕྲ་ལན་འདེབས་གནང་སོང་།
དུས་དེབ་དེ་ན་ཕྱི་ལོ་༡༩༥༩ ལོར་རྩོམ་པ་པོ་རཱ་ཇཱ་(Raj) དང་། རཱོ་མི་ཤ་ ཐཱ་པར་(Romesh Thapar) གཉིས་ནས་གསར་འཛུགས་བྱས་པ་དང་། དུས་དེབ་འདིའི་དྲ་རྒྱར་གཞིགས་ན། ད་ལན་གྱི་དུས་དེབ་འདི་དོན་ཐེངས། ༦༤༤ པ་རེད་འདུག་ལ། འདས་པའི་ལོ་ངོ། ༥༣ ནང་སྤྱི་ཚོགས་ཁྲོད་ཀྱི་དཀའ་སྡུག་སྣ་ཚོགས་སྐོར་གླེང་སློང་གནང་མྱོང་འདུག །
