ཨ་རིས་དྲ་ལམ་བདེ་འཇགས་ཐད་བྱེད་ཐབས་གསར་པ་སྤེལ་འཆར།
ཉེ་བའི་ལོ་ཤས་རིང་ཨ་རི་གཙོས་པའི་འཛམ་གླིང་གི་རྒྱལ་ཁབ་དང་ཡུལ་གྲུ་གང་མང་ཞིག་ཏུ་རྒྱ་ནག་གི་དྲ་ལམ་གཏོར་རྒོལ་བས་དྲ་ལམ་བདེ་འཇགས་ལ་ཉེན་ཁ་ཆེན་པོ་བཟོ་བཞིན་པ་ལྟར། ཨ་རིའི་ཕོ་བྲང་དཀར་པོའི་ཕྱོགས་ནས་དེའི་ཐད་དངོས་སུ་ཞིབ་ཕྲའི་བྱེད་ཐབས་ཅི་ལྟར་སྤེལ་དགོས་མིན་གྲོས་བསྡུར་བྱེད་བཞིན་པ་དང་། རྒྱ་ནག་གིས་དྲ་ལམ་གཏོར་རྒོལ་ལ་སྟོབས་ཤུགས་དང་ནུས་པ་ལྡན་པའི་སྒོ་ནས་རྒོལ་ལན་སློག་འཆར་ཡོད་འདུག
དེའང་ཟླ་འདིའི་ཕྱི་ཚེས་༢༢ ཉིན་(Wall Street Journal) ཞེས་པའི་ཉིན་རེའི་ཚགས་པར་སྟེང་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རི་ཕོ་བྲང་དཀར་པོའི་ཕྱོགས་ནས་དྲ་ལམ་བདེ་འཇགས་ཐད་ཞིབ་ཕྲའི་བྱེད་ཐབས་ཅི་ལྟར་སྤེལ་དགོས་མིན་བསམ་བློ་གཏོང་བཞིན་པ་དང་། དེའི་ནང་དུ་དཔལ་འབྱོར་བཀག་སྡོམ་དང་ཕྱི་འབྲེལ་གྱི་གནོན་ཤུགས། དེ་བཞིན་ཨ་རིའི་ཁྲིམས་ཐོག་ནས་བརྡར་ཤ་གཅོད་རྒྱུ། དྲ་ལམ་བདེ་འཇགས་འགོག་སྲུང་དང་མཉམ་དུ་ཕར་རྒོལ་བྱེད་ཐབས་བཅས་ཚུད་ཡོད་པ་རེད་འདུག
གོང་གསལ་གནས་ཚུལ་དེ་ཨ་རི་ཕོ་བྲང་དཀར་པོའི་དཔོན་རིགས་ཤིག་གི་སྐད་ཆ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་འདུག་པ་དང་། བྱེད་ཐབས་དེ་དག་མགྱོགས་མྱུར་ངང་ལག་བསྟར་བྱེད་སྲིད་མིན་མི་ཤེས་ཀྱང་། ཉེ་བའི་ཆར་ཨ་རིའི་དཔོན་པོ་མཐོ་གྲས་ཀྱིས་གཅིག་རྗེས་གཉིས་མཐུད་དུ་ཉེན་བརྡ་བཏང་ཡོད་པ་མ་ཟད་ཉེན་བརྡ་སྔོན་མ་ལས་ཤུགས་ཆེ་རུ་སོང་ཡོད་པར་བརྟེན། མི་རིང་བར་བྱེད་ཐབས་དེ་དག་ལག་བསྟར་བྱེད་སྲིད་པའི་ཚོད་དཔག་བྱེད་བཞིན་པ་རེད།
ཨ་རིའི་རྒྱལ་སྲུང་དྲུང་ཆེ་སྐུ་ཞབས་ཧེ་གྷུ་(Hagel) ཀྱིས་གསུང་དོན། དྲ་རྒྱའི་མངའ་ཁོངས་ལ་འཇབ་རྒོལ་ནི་མིག་སྔར་ཨ་རི་ལ་འཕྲད་བཞིན་པའི་རྒྱལ་ཁབ་ཀྱི་དཔལ་འབྱོར་བདེ་འཇགས་དང་ཆབ་སྲིད་བདེ་འཇགས། ཕྱི་འབྲེལ་བདེ་འཇགས། དམག་དོན་བདེ་འཇགས་བཅས་ཀྱི་མངའ་ཁོངས་སུ་ཉེན་ཁ་ཆེས་ཚབས་ཆེ་ཤོས་དེ་རེད། གཞན་ཡང་ཉེ་ཆར་ཨ་རིའི་དྲག་ཇུས་དམག་སྤྱི་ཆེན་མོ་སྐུ་ཞབས་ཌེམ་ཕི་སེ་(Dempsey)་རྒྱ་ནག་ཏུ་འཚམས་གཟིགས་ལ་ཕེབས་སྐབས། རྒྱ་ནག་གི་རྒྱལ་སྲུང་དང་བཅིངས་བཀྲོལ་དམག་གི་དྲག་ཇུས་དམག་དཔོན་ཧྥ་ཧྥིང་ཧན་དང་མཉམ་དུ་ཚོགས་འདུའི་ཐོག་གླེང་བའི་བརྗོད་གཞི་གཙོ་བོ་ཞིག་ནི་དྲ་ལམ་བདེ་འཇགས་སྐོར་ཡིན་པ་རེད།
ཟླ་འདིའི་འགོ་སྟོད་དུ་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་john Kerry ཇོན་ཁེ་རི་མཆོག་རྒྱ་ནག་ལ་འཚམས་གཟིགས་སུ་ཕེབས་སྐབས། ཕྱོགས་གཉིས་ཀྱི་དྲ་ལམ་བདེ་འཇགས་ལས་དོན་ཚོགས་ཆུང་ཞིག་གསར་འཛུགས་དགོས་པའི་བསམ་འཆར་བཏོན་ཡོད་པ་དང་། ཟླ་གཅིག་སྔོན་གྱི་ཕྱི་ཟླ་༣ པའི་ཚེས་༡༤ ཉིན་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་གིས་སྲིད་འཛིན་གསར་པ་ཞིན་ཅིན་ཕིང་ལ་འཚམས་འདྲིའི་གློག་འཕྲིན་ནང་། དྲ་ལམ་བདེ་འཇགས་གནད་དོན་སྐོར་དམིགས་སུ་བཀར་ནས་བཤད་ཡོད་པ་བཅས་ལ་གཞིགས་ན། ཨ་རིའི་ཕྱོགས་ནས་དྲ་ལམ་བདེ་འཇགས་ཀྱི་གནད་དོན་ཧ་ཅང་གལ་ཆེ་ཞིག་ཏུ་བརྩི་བཞིན་པར་མངོན་གསལ་དོད་པོ་ཡིན་པ་རེད།