རང་བཙན་གྱི་ལངས་ཕྱོགས་འགྱུར་བ་གཏོང་དགོས་པའི་ཚོགས་འདུ།

ཟླ་འདིའི་ཚེས་༢༢ ཉིན་རྒྱུད་སྨད་གྲྭ་ཚང་གི་ཕྱག་མཛོད་སོགས་ལས་ཀྱི་སྣེ་བོ་བ་ཁག་ཅིག་གིས། ཧུན་སུར་རྒྱུད་སྨད་གྲྭ་ཚང་དུ་མདོ་སྟོད་སེར་སྐྱ་མི་མང་བསྡུ་བསྐོང་གིས། མ་འོངས་པར་དབུ་མའི་ལམ་གྱི་སྲིད་ཇུས་ལ་རྒྱབ་སྐྱོར་དང་། བོད་རང་བཙན་གྱི་ལངས་ཕྱོགས་ལ་འགྱུར་བ་གཏོང་དགོས་པའི་གྲོས་ཆོད་བཞག་ཡོད་པ་རེད།

ཚོགས་འདུ་གོ་སྒྲིག་པས་གནས་ཚུལ་སྤེལ་བ་ལྟར་ན། མི་མང་ ༣༠༠ ལྷག་འདུ་འཛོམས་བྱུང་ཡོད་པ་དང་། སྤྱི་མོས་གྲོས་ཆོད་དོན་ཚན་ ༤ བཞག་བཞི་བཞག་ཡོད་འདུག ཚོགས་འདུའི་སྐུ་ཚབ་རྒྱུད་སྨད་ཕྱག་མཛོད་བློ་བཟང་ཆོས་འཕེལ་དང་། ཕྱག་མཛོད་བློ་བཟང་ཡེ་ཤེས། ཕྱག་མཛོད་སྟོབས་ཆེན། རྒྱུད་སྨད་སློབ་སྤྱི་བློ་བཟང་དམ་ཆོས། གཞོན་ནུའི་དབུས་རྒྱུན་ཟུར་པ་ཚེ་དབང་བསྟན་འཛིན་བཅས་ཀྱིས་གྲོས་ཆོད་ཐོག་ས་ཡིག་བརྒྱབ་ཡོད་པ་རེད།

གྲོས་ཆོད་ཀྱི་སྔོན་གླེང་ནང་དུ། “དེང་འདིར་གནས་ཚུལ་གོ་ཐོས་ལྟར་ན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རང་བཙན་སྐོར་གྱི་ཚོགས་འདུ་ཞིག་རིང་མིན་རྡ་སར་འཚོགས་འཆར་ཡོད་པའི་གནས་ཚུལ་ཡོད་པ་དང་། ལྷོ་གཞིས་ཁག་ལྔའི་ས་གནས་གཞོན་ནུའི་ཚོགས་འདུ་ཞིག་སྦེལ་ཀོབ་ཏུ་ཚོགས་ཏེ་གཞོན་ནུ་དབུ་མའི་ལམ་ལ་ཞུགས་རྒྱུའི་དགོངས་འཆར་བྱུང་བའི་བཟང་ཕྱོགས་ཀྱི་གནས་ཚུལ་དངོས་སུ་བྱུང་བ་དང་། སྤྱི་འཐུས་སྒེར་གྱི་གྲོས་འཆར་གྱི་གནས་ཚུལ་བཅས་ཀྱི་གླེང་གཞི་ལ་བརྟེན། ཧུན་སུར་རབ་གླིང་མདོ་སྟོད་ཆོལ་ཁའི་སེར་མོ་བ་རྒྱུད་སྨད་བསྐྱེད་རིམ་པ་དང་། རྒྱུད་ཞུགས་གདན་གསུམ་དགེ་བཤེས་སོགས་སེར་སྐྱ་མི་མང་ ༣༠༠ བརྒལ་བ་ནས་ལྷག་བསམ་སེམས་ཁུར་བླངས་ཏེ། ལྷན་འཛོམས་བཀའ་བསྡུར་ལྷུག་པོ་གནང་སྟེ། སྤྱི་མོས་གྲོས་ཆོད་བྱུང་བ་གཤམ་གསལ་”ཞེས་འཁོད་འདུག

གྲོས་ཆོད་དངོས་གཞིའི་ནང་བཀོད་དོན།  ༡༽ ད་རེས་ལྷོ་ཕྱོགས་ཁག་ལྔའི་ས་གནས་གཞོན་ནུའི་ཚོགས་འདུ་ཞིག་སྦེལ་ཀོབ་ཏུ་ཆེད་ཚོགས་གནང་སྟེ། གཞོན་ནུ་དབུ་མའི་ལམ་ལ་ཞུགས་རྒྱུའི་གླེང་སློང་དང་བཀའ་བསྡུར་བྱུང་བ་ལ་ཡི་རངས་བསྔགས་བརྗོད་ཡོད།

༢༽ མདོ་སྟོད་ཆུ་བཞི་སྒང་དྲུག་ནས་བོད་རང་བཙན་གྱི་ལངས་ཕྱོགས་ལ་འགྱུར་བ་གཏོང་དགོས་པའི་གྲོས་འཆར་འདོན་རྒྱུ་ཡིན། རྒྱུ་མཚན་ལྟར་སྣང་གི་དབང་དུ་མ་བཏང་བར་བོད་དང་བོད་མིའི་དངོས་ཡོད་ཀྱི་ཁེ་ཕན། བོད་ཀྱི་ཆོས་རིག་དངོས་འཛིན་དང་བཅས་པ་འཛམ་གླིང་འཛིན་མའི་ཁྱོན་འདིར་སོན་པོར་གནས་ཐུབ་པའི་སྲིད་བྱུས་གཉིས་སྨན་དབུ་མའི་ལམ་ལ་ཞུགས་ཏེ་ལམ་དེར་རྒྱབ་སྐྱོར་དང་ནུས་ཤུགས་སྤེལ་ཐབས་དགོས། དེ་ལྟར་བྱུང་ཚེ་འདི་ག་ས་གནས་ནས་གང་ཅིའི་འབྲེལ་ལམ་དང་མཐུན་འགྱུར་ཞུ་དགོས་རིགས་ཞུ་ཆོག་པ།

༣༽ འདས་པའི་ལོར་བོད་རང་བཙན་ཚོགས་པའི་ཚོགས་འདུ་ཞིག་རྡ་སར་སྐོང་ཚོགས་གནང་བར། མདོ་སྟོད་སྤྱི་འཐུས་འགའ་ཞིག་གིས་དེར་མཉམ་ཞུགས་གནང་བའི་གནས་ཚུལ་བྱུང་ཡོད་ཅིང་། འདི་ལོར་ཡང་རིང་མིན་བོད་ཀྱི་གཞོན་ནུ་ནས་རྡ་སར་བོད་རང་བཙན་སྐོར་གྱི་ཚོགས་འདུ་ཞིག་འཚོགས་འཆར་ཡོད་པ་དེར་མདོ་སྟོད་སྤྱི་འཐུས་མཉམ་ཞུགས་མི་གནང་བའི་འབོད་སྐུལ་ཞུ་རྒྱུ་དང་། གལ་ཏེ་མཉམ་ཞུགས་གནང་ཚེ་འདི་གའི་ས་གནས་ནས་མདོ་སྟོད་སྤྱི་འཐུས་སུ་ངོས་ལེན་མེད།

༤༽ ད་རེས་མདོ་སྟོད་ཚོགས་འདུ་བ་སྤྱི་ཡོངས་ནས་བོད་རྒྱའི་དཀའ་རྙོག་སེལ་བའི་ཐབས་ལམ་བླ་ན་མེད་པ། ཡང་དག་པའི་མང་གཙོའི་ལམ་ནས་གཏན་ལ་ཕབ་པའི་སྲིད་བྱུས་གཉིས་སྨན་དབུ་མའི་ལམ་ལ་མོས་མཐུན་དང་། རྒྱབ་སྐྱོར་གཙང་མ་ཞུ་རྒྱུ་ཡིན་པའི་གྲོས་ཆོད་དུ་” ཞེས་འཁོད་ཡོད་པ་རེད།

མཇུག་ཏུ་དགའ་ལྡན་ཕོ་བྲང་དང་། བཀའ་ཤག སྤྱི་འཐུས་རྒྱུན་ལས། ཆོས་སྡེ་ཁག་སོགས་ལ་ཡིག་ཆ་དེའི་ངོ་བཤུས་ཕུལ་ཡོད་སྐོར་བྲིས་འདུག །