ང་མཛེས་མ་ལ་སེམས་པ་ཤོར་སོང་།

མཛེས་མའི་འགྲན་བསྡུར་ཕམ་ཉེས་བྱུང་རུང་དོན་དངོས་མཛེས་མའི་དྭངས་རྩེ་ཞིག །

མཇལ་བས་སྐལ་བཟང་དུས་དེ་དྲན་ནས་མ་བཅོས་བདེན་གཏམ་འཆད་པ་ལ། །

འུར་ཤོད་མཁན་དང་ཇུས་གཏོགས་མཁན་ཚོས་འགན་ཁུར་མེད་པའི་སྐད་ཅོར་དང་། །

མི་འདོད་ཁ་བརྡུང་བཟེད་དགོས་བྱུང་ཡང་བུ་ང་འགྱོད་པ་རྡུལ་ཙམ་མེད། །

 

དྷ་སའི་མཛེས་མའི་འགྲན་བསྡུར་དེ་ནི་ལོ་མང་རིང་ནས་གད་མོའི་རྒྱུ། །

སྐབས་རེར་འགྲན་ཞུགས་གཅིག་ལས་མེད་ཀྱང་མཛེས་མའི་དབུ་རྒྱན་ཐོབ་པ་དང་། །

སྐབས་རེར་རང་རིགས་སྡུག་གིས་མནར་ཡང་དམར་ཧྲང་གླུ་གར་རོལ་དང་ལྷན། །

གདུང་སེམས་མཉམ་བསྐྱེད་ཡིན་ནོ་ཟེར་བཞིན་ས་ཕྱོགས་ཀུན་ཏུ་ཀུ་ཅོ་སྒྲོག།

 

མཚམས་རེར་དཔྱད་འདེམས་ཕྱོགས་ལྷུང་བྱས་ཚུལ་མི་འདོད་ལོ་རྒྱུས་སྐྱུར་མོ་རེ། །

ཀུན་གྱིས་མིག་མཐོང་རྣ་ཐོས་དེ་དག་རེ་རེ་བཞིན་དུ་འཆད་དགོས་མེད། །

ཡིང་ཡང་དྲང་བདེན་སྣང་མེད་བྱས་པའི་བྱ་བ་ངན་པ་མཐོང་བཞིན་དུ། །

མི་སྨྲ་བརྟུལ་ཞུགས་འཛིན་ནས་འདུག་མཁན་མི་བུ་ཐ་ཤལ་ངས་མི་འདོད། །

 

དྷ་སར་གནས་བཞུགས་ཉམ་ཆུང་བུ་མོ་མཛེས་མ་བསྟན་འཛིན་བཟང་མོ་མཆོག །

སྟོང་ལོ་བཅུ་གཅིག་མཛེས་མའི་འགྲན་བསྡུར་གཙོ་སྐྱོང་བློ་བཟང་དབང་རྒྱལ་གྱིས། །

ཕྱོགས་ལྷུང་ལྐོག་རྔན་ཚུལ་མིན་འོག་ནས་མཛེས་མའི་རྒྱལ་ཁ་ཤོར་ན་ཡང་། །

གངས་ལྗོངས་མཛེས་མའི་དྭངས་རྩེའི་ཁྲོད་ནས་ནམ་ཡང་དབུ་འཕང་མཐོ་ངེས་འདུག །

 

ཉེ་བའི་དུས་སུ་མཛེས་མ་ཁོང་དང་ཨ་མ་རྒན་མོ་བུ་ཆུང་བཅས། །

གནས་ཆེན་མཇལ་ནས་ཉིན་ཞག་གསུམ་རིང་གནས་འདིར་བཞུགས་པས་གོ་སྐབས་དེ། །

བདག་ལ་མཚོན་ན་མིག་གི་དགའ་སྟོན་སེམས་ཀྱི་བདེ་སྐྱིད་དྭངས་མ་ཞིག །

ཡིན་ཞེས་སྐད་གསེང་མཐོན་པོའི་ཐོག་ནས་ཕྱོགས་ཀུན་སྒྲོག་པར་ངོ་མི་ཚ། །

 

མཛེས་མ་ཁོང་ལ་གནའ་དེང་ཟུང་འབྲེལ་ཡ་རབས་བུ་མོའི་རང་གཤིས་མངོན། །

དེང་རབས་གོས་ཐུང་ཤ་འབྱར་ནང་ནས་དཀར་འཇམ་བརླ་ཡི་འཁྲི་ཤིང་ཟུང་། །

ཧ་ཅང་ཕྲ་སྦོམ་རན་པའི་ཚུལ་གྱིས་མིག་གི་ཡུལ་དུ་མངོན་དང་ལྷན། །

སྨྱོས་བུམ་ཟླུམ་གཟུགས་གསལ་བར་མཐོང་དུས་བུ་ཆུང་བདག་ནི་སྨྱོ་ལ་ཁད། །

 

ཕྲག་གོང་གཡས་གཡོན་དབུ་སྐྲའི་ལན་བུ་རླུང་བུས་གཡོ་བཞིན་དགོན་པར་བསྐོར། །

ཞལ་ནས་སྒྲོལ་བསྟོད་གསལ་ཞིང་དག་པ་དལ་ལྷོད་རན་ལ་སྙན་ཞིང་འཇེབས། །

ཞོར་དུ་ཨ་མ་རྒན་མོ་དེ་དང་ན་གཞོན་བྱིས་པ་དེ་གཉིས་ལ། །

བརྩེ་བས་གཟིགས་ཤིང་འཇམ་པོའི་ཕྱག་གིས་བྱིལ་བྱིལ་མཛད་བཞིན་འཛུམ་ཙམ་གནང་། །

 

བཞིན་རས་དཀར་གསལ་ལང་ཚོ་རབ་རྫོགས་བཅོ་ལྔའི་དུང་ཟླ་འདྲ་བའི་ངོས། །

སྤྱན་ཟུང་གཉིས་པོའི་འོད་དཀར་འཚེར་དུས་ང་ཡི་ལུས་པོའི་སྤུ་ཡང་ཟིང་། །

ཁྱེད་ལ་འཚམས་འདྲི་ཞུ་འདོད་ཆེ་ཡང་ངག་སྒོ་འགག་ཅིང་སྙིང་རྩ་འདར། །

ཁྱེད་ཀྱིས་བཞིན་རས་ཞིབ་མཇལ་འདོད་རུང་ང་ཡི་ངོ་གདོང་ཚ་ཤར་ལང་། །

 

དཀར་དམར་ལ་སོགས་ཚོན་གྱིས་མ་བཅོས་བཞིན་རས་དེ་ཡི་མཛེས་རྒྱན་དུ། །

ལྷ་བཟོ་མཁས་པས་པིར་གྱིས་བྲིས་འདྲའི་འདྲེན་བྱེད་གཉིས་ནི་དཀྱུས་སུ་རིང་། །

མཛེས་མ་ཁྱེད་ཀྱིས་ཡོན་ཏན་བརྗོད་པར་སྙན་ངག་མངོན་བརྗོད་སྡེབ་སྦྱོར་སོགས། །

གང་ཡང་མི་དགོས་ཁྱེད་ཀྱིས་ལུས་སུ་བརྗོད་བྱའི་དོན་རྣམས་ལྷང་ངེར་གསལ། །

 

མི་མངོན་དབྱིངས་གྱི་འཕགས་མ་སྒྲོལ་མ་ལ་སོགས་ལྷ་མོའི་ཚོགས་སུ་ཡང་། །

མཛེས་མའི་ཡོན་ཏན་རྟོག་བཟོ་ཙམ་དང་སྙན་ངག་མཁན་ཚོས་བཤད་སྒྲོས་ལས། །

ཁྱེད་ཀྱིས་གོང་དུ་མཛེས་མ་ཡོད་ན་མཛེས་མའི་མཚན་གཞིར་མཐའ་མེད་ཐལ། །

དེའི་ཕྱིར་ཁྱེད་ཉིད་མགོ་བོ་མ་སྒུར་ཡིད་འཕྲོག་བསྟན་འཛིན་བཟང་མོ་ལགས། །

 

མཛེས་མ་ཁྱེད་ཀྱིས་ཡོན་ཏན་དག་དང་སྒེག་ཉམས་ཀུན་སྤྱོད་འབྲི་བ་ལ། །

ཚིག་དང་དཔེ་ཡིས་ཕོངས་པ་མིན་ཡང་སོར་མོའི་འདུ་འགོད་ཚད་བཀག་ཡིན། །

གཞན་གྱི་ཁྱེད་ལ་མཐོང་ཆུང་བྱས་པར་ང་ཡི་མ་བཟོད་ཐེར་འདོན་འདི། །

སྨྲ་བྱེད་ལྕེ་འདི་གྲི་ཡིས་གཏུབ་ཀྱང་མི་འགྱོད་ཡིད་འཕྲོག་བཟང་མོ་ལགས། །

 

སེམས་ནས་གང་དྲན་ཁ་ནས་བཤད་པ་བུ་ཆུང་བདག་གི་གཤིས་ཡིན་པས། །

མ་རབས་ཐ་ཤལ་གྲལ་དུ་བརྫང་རུང་མི་འགྱུར་དམ་བཅའ་རྡོ་རྗེའི་བྲག །

ཡངས་པའི་འགྲོ་བ་མཐའ་དག་ཁྲེལ་ཡང་མི་འགྱོད་འགན་འཁུར་སྤོབས་པ་ཡོད། །

བློ་བཟང་དབང་རྒྱལ་གློ་སྙིང་གས་རུང་དགོས་རྒྱུའི་པག་ལ་པག་ཁུ་ཡིན། །

 

ཉམས་ཆུང་མཛེས་མ་མཐའ་ནས་སྐྱོང་ཕྱིར་མ་བསྐུལ་དང་དུ་བླངས་པ་འདི། །

གཡོ་སྒྱུ་ཅན་ཚོར་སྣ་མགོ་བརྡུང་བྱེད་ལྕགས་ཀྱི་ཐོ་ཆེན་ངོ་མ་ཡིན། །

དྲང་བདེན་ཅན་ཚོར་ལ་རྒྱ་མཚོན་བྱེད་དར་ཚོན་སྣ་ལྔའི་རྒྱལ་མཚན་ཡིན། །

སེམས་པ་ཤོར་སའི་མཛེས་མ་ཞིག་ལ་བསྟོད་གླུ་ཡིན་ནོ་གྲོགས་ཀྱིས་ཚོགས། །

སྤྱི་ལོ་༢༠༡༣ ཟླ་༤ ཚེས་༣༠ ཉིན་བྲིས།