ཏ་ལི་བྷན་ཤོག་ཁག་གི་གཏོར་རྒོལ་རྒྱུན་མ་ཆད་པར་བྱུང་བ།
ཕྱི་ཟླ་༥ པའི་ཚེས༡༡ ཉིན་པ་ཀི་སི་ཐན་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་འོས་འགྲན་ལ་གནོད་སྐྱོན་བཟོ་མཁན་དྲག་སྤྱོད་པ་ཁག་ཅིག་གིས། དྲག་མཚོན་སྤྱད་དེ་ཆབ་སྲིད་ཚོགས་པ་མི་འདྲ་བའི་མི་སྣ་བཅུ་གྲངས་ཤིག་དམར་གསོད་བཏང་ཡོད་འདུག
དྲག་པོའི་དོན་རྐྱེན་བྱུང་སའི་ལྷོ་ཕྱོགས་དང་ནུབ་ཕྱོགས་དེ་བཞིན་བྱང་ཁུལ་གྱི་འོས་མི་རྣམས་སྲང་ལམ་དུ་བསྐྱོད་པར་ཡང་འཇིགས་སྣང་བྱེད་བཞིན་ཡོད་འདུག
ཟླ་འདིའི་ཕྱི་ཚེས་༣༠ ཉིན་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། པ་ཀི་སི་ཐན་གྱི་རྒྱལ་ཡོངས་འོས་བསྡུ་ཆེན་མོར་བདུན་ཕྲག་གཉིས་ལས་ལྷག་མེད་པའི་སྐབས་འདིར། པ་ཀི་སི་ཐན་མི་རིགས་གཅིག་གྱུར་ལས་འགུལ་ཚོགས་པས་(MQM) དྲག་སྤྱོད་ཤོག་ཁག་ལ་སྐྱོན་བརྗོད་བྱས་པའི་རྐྱེན་གྱིས། ཏ་ལི་བྷན་ཤོག་ཁག་གི་རྒོལ་རྡུང་གཏོང་སའི་དམིགས་འབེན་གཙོ་བོར་གྱུར་ཡོད་པ་དང་། ཆབ་སྲིད་ཚོགས་པ་དེའི་ལས་འགུལ་བ་མི་བཅུ་གྲངས་ཤིག་དམར་གསོད་བཏང་ཡོད་པ་རེད།
མི་རིགས་གཅིག་གྱུར་ལས་འགུལ་ཚོགས་པའི་ཚོགས་གཙོ་ཧཱ་ལེ་ཨན་གྱིས། པ་ཀི་སི་ཐན་གཞུང་གིས་ངེས་པར་དུ་བདེ་འཇགས་ལས་དོན་ཐོག་དམ་དྲག་གཏོང་དགོས། གལ་སྲིད་དེ་ལྟར་མ་བྱས་ཚེ་འོས་བསྡུ་ཆེན་མོའི་གྲུབ་འབྲས་དྲང་བདེན་ཞིག་ཡོང་རྒྱུ་ཁག་པོ་ཡིན་པ་དང་། ཞི་བདེའི་ཁོར་ཡུག་དང་དྲང་བདེན་གྱི་ཁྲིམས་ལུགས་ཤིག་མེད་པའི་གནས་སྟངས་འོག་གི་འོས་བསྡུ་ནི་ཧ་ཅང་འདྲི་རྟགས་ཆེན་པོ་ཞིག་རེད་ཅེས་གསུངས་འདུག

གཞན་ཡང་ཨ་ཝ་མཱི་མི་རིགས་ཚོགས་པ་(Awami National Party)ཞེས་པའི་ཆབ་སྲིད་ཚོགས་པ་དེས་ཆོས་ལུགས་དང་ཁ་བྲལ་བའི་ཆབ་སྲིད་ཀྱི་ལྟ་བ་བཟུང་བའི་རྐྱེན་གྱིས་ཏ་ལི་བྷན་གྱིས་རྒོལ་རྡུང་བཏང་ཡོད་པ་དང། ཏ་ལི་བྷན་ཤོག་ཁག་གིས་ཉེ་ཆར་སློང་བའི་འབར་གས་ཀྱི་དོན་རྐྱེན་ཞིག་གི་ནང་དུ་མི་༡༢ དམར་གསོད་དང་། མི་བཅུ་གྲངས་ཤིག་ལ་རྨས་སྐྱོན་ཕོག་པའི་ཁྲོད། ཆབ་སྲིད་ཚོགས་པ་དེའི་འོས་མི་ཇཱ་ཨེ་སན་ལ་གནོད་སྐྱོན་ཕོག་མེད་ཀྱང་། ཁོང་གིས་གསུངས་པ་ལྟར་ན། རྒྱུན་ལྡན་ལྟར་འོས་འགྲན་ལས་འགུལ་ནང་མཉམ་ཞུགས་བྱེད་ཐུབ་ཀྱི་མེད་པ་རེད་འདུག
མིག་སྔར་དྲང་བདེན་ལས་འགུལ་ཚོགས་པ་( PTI )དང་པ་ཀི་སི་ཐན་ཁ་ཆེ་མནའ་འབྲེལ་ཚོགས་པ་སོགས་ཆབ་སྲིད་ཚོགས་པ་ཁག་གིས་གོ་སྒྲིག་བྱས་པའི་ལས་འགུལ་ལ། ཏ་ལི་བྷན་ཤོག་ཁག་གི་དྲག་པོའི་འཇིགས་སྐུལ་དང་རྒོལ་རྡུང་ཐེབས་མེད་པ་དང་། དེའི་རྒྱུ་མཚན་གཙོ་བོ་ནི་ཆབ་སྲིད་ཚོགས་དེ་དག་གིས་ཏ་ལི་བྷན་ཤོག་ཁག་ལ་སྐྱོན་བརྗོད་མ་བྱས་པའི་རྐྱེན་གྱིས་ཡིན་པ་རེད།
ཡོང་འཆར་ཕྱི་ཟླ་༥ པའི་ཚེས་༡༡ ཉིན་གྱི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ཉིན། པ་ཀི་སི་ཐན་གཞུང་གིས་དམག་དཔུང་དང་ཉེན་རྟོག་པ་འབོར་ཆེན་འགྲེམས་འཇོག་གིས་ཚོར་ཤུགས་རྣོ་བའི་ས་ཁུལ་ཁག་གི་འོས་བསྡུ་ས་ཚིགས་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་རྒྱུ་ཡིན་འདུག །
