ཀིརྟིའི་དགེ་རྩ་ནི་ཆོས་ཕྱོགས་ལས་ཆབ་སྲིད་ལ་འབྲེལ་བ་མེད།
དེ་རིང་ཞོགས་པར་ཉིན་གསུམ་གྱི་རིང་འཚོགས་གཏན་ཁེལ་བའི་ཀིརྟིའི་དགེ་རྩ་ཚོགས་པའི་སྐབས་གཉིས་པའི་འགན་འཛིན་གྲོས་ཚོགས་ཐེངས་དང་པོ་དེ་དྷ་སར་དབུ་འཛུགས་གནང་སོང་།
དེ་ཡང་ཟླ་འདིའི་ཕྱི་ཚེས་༡ ཉིན་གྱི་སྔ་དྲོ་ཆུ་ཚོད་༨།༥༠ སྟེང་དྷ་ས་མེག་གྷན་དུ་ཡོད་པའི་ཀིརྟིའི་གཞན་ཕན་ཞི་བདེའི་ཚོགས་ཁང་དུ། ཀིརྟིའི་དགེ་རྩ་ཚོགས་པའི་སྐབས་གཉིས་པའི་འགན་འཛིན་གྲོས་ཚོགས་ཐེངས་དང་པོ་དེ་དབུ་འཛུགས་གནང་ཡོད་པ་རེད།
འགན་འཛིན་གྲོས་ཚོགས་དེར་འཐུས་མི་༤༠ ལྷག་མཉམ་འཛོམས་ཀྱིས་ཉིན་གསུམ་རིང་དགེ་རྩ་ཚོགས་པའི་ཁྱབ་ཁོངས་སུ་གཏོགས་པའི་དགོན་མ་ལག་ཁག་གི་སློབ་སྦྱོང་བྱེད་ཕྱོགས་དང་། འབྲེལ་ཡོད་མང་ཚོགས་ལ་ཕན་ཐོགས་བསྒྲུབ་ཕྱོགས་སོགས་ཀྱི་སྐོར་ལ་བགྲོ་གླེང་བྱ་རྒྱུ་རེད་འདུག
གྲོས་ཚོགས་དབུ་འཛུགས་སྐབས་ཚོགས་གཙོས་གསུང་བཤད་གནང་སྐབས། དུས་རབས་༡༧ པའི་ནང་ཀིརྟའི་སྐུ་ཕྲེང་ལྔ་པ་གྲུབ་དབང་བསྟན་པའི་རྒྱལ་མཚན་གྱི་སྐབས། ཐོག་མར་ཀིརྟི་བླ་བྲང་ཁམས་གསུམ་ཟིལ་གནོན་གསར་དུ་བཙུགས་པའི་བརྒྱུད་རིམ་དང་། དེ་རྗེས་དུས་རབས་ཉི་ཤུ་༢༡ པའི་ནང་ཀིརྟི་སྐུ་ཕྲེང་༡༡ པས་བླ་བྲང་དེ་དུས་རབས་ཀྱི་མང་གཙོའི་འགྲོ་སྟངས་དང་། མང་ཚོགས་ཀྱི་དགོས་མཁོར་གཟིགས་ཏེ་དགེ་རྩ་ཚོགས་པའི་ངོ་བོར་བསྒྱུར་བ་བཅས་ཀྱི་བརྒྱུད་རིམ་ངོ་སྤྲོད་དང་འབྲེལ། དགེ་རྩ་ཚོགས་པས་བྱ་བ་ག་འདྲ་ཞིག་བྱས་ན་ཡང་འབྲེལ་ཡོད་མང་ཚོགས་ཀྱི་ཞབས་འདེགས་སུ་འགྲོ་དགོས་པ་དེ། ཚོགས་པ་འདིའི་དམིགས་ཡུལ་དང་རྩ་དོན་ཡིན་པ་ཤེས་པའི་ཐོག་ནས་འཐུས་མི་ཚོས་བགྲོ་གླེང་བྱ་དགོས་པ་གལ་ཆེན་པོ་ཡིོན་སྐོར་གསུངས་སོང་།
དེ་བཞིན་ཚོགས་གཙོས་ཚོགས་པ་འདི་ཆོས་ཕྱོགས་ཀྱི་ལས་དོན་ཁོ་ན་ལས་ཆབ་སྲིད་ཀྱི་ལས་དོན་དང་འབྲེལ་བ་མེད་པའི་གནད་དོན་དེ། འཐུས་མི་ཚོས་མང་ཚོགས་ལ་ངོ་སྤྲོད་བྱ་དགོས་པ་གལ་ཆེན་པོ་ཆགས་ཡོད་སྐོར་སོགས་གསུངས་སོང་།
དངོས་གཞིའི་མཛད་སྒོ་གྲུབ་མཚམས་འཐུས་མི་ཚོ་ཚོགས་ཆུང་ཁག་གསུམ་ལ་བགོས་ཏེ་བགྲོ་གླེང་བྱ་རྒྱུ་རེད་འདུག །
