རྒྱ་ནག་གསར་འགོད་རང་དབང་མེད་པའི་གྲས་སུ་ཚུད་པ།
གཞུང་འབྲེལ་མིན་པའི་རང་དབང་ཚོགས་པ་ཞིག་གིས་(NGO freedom house) ཟླ་འདིའི་ཕྱི་ཚེས་༡ ཉིན་བཏོན་པའི་ཕྱི་ལོ་༢༠༡༣ ལོའི་གསར་འགོད་རང་དབང་གི་སྙན་ཐོ་ནང་འཁོད་དོན་ལྟར་ན། རྒྱ་ནག་སྐམ་སའི་གསར་འགོད་རང་དབང་དེ་ཕྱི་ལོ་༢༠༡༢ ལོ་དང་བསྡུར་ན་ཅུང་ཡར་རྒྱས་ཕྱིན་ཡོད་ན་ཡང་། སྙན་ཐོའི་ནང་དུ་རྒྱ་ནག་སྔར་བཞིན་གསར་འགོད་རང་དབང་མེད་པའི་རྒྱལ་ཁབ་ཀྱི་གྲས་སུ་མིང་འདོན་བྱས་ཡོད་པ་རེད།
དེ་ཡང་ཚོགས་པ་དེའི་ཕྱི་ལོ་༢༠༡༣ ལོའི་གསར་འགོད་རང་དབང་སྙན་ཐོ་ནང་འཁོད་དོན། རྒྱ་ནག་གི་སྐབས་༡༨ པའི་མི་དམངས་འཐུས་མི་ཚོགས་ཆེན་མ་འཚོག་སྔོན། གཞུང་དང་ལྟ་བ་མི་མཐུན་པའི་དམངས་གཙོ་དོན་གཉེར་ཅན་དང་ལས་འགུལ་བ། ཆོས་ལུགས་མི་སྣ་བཅས་ཧ་ཅང་མང་པོ་ཞིག་འཇུ་བཟུང་དང་ཡུན་རིང་བཙོན་ཁང་དུ་བཀར་ཉར་བྱས་པ། པེ་ཅིང་གྲོང་ཁྱེར་གྱི་མིའི་རང་དབང་ལས་འགུལ་དང་སྨྲ་བརྗོད་རང་དབང་ལ་ཡང་ཚད་བཀག་ཐེབས་ཡོད། འགྲོ་བ་མིའི་ཐོབ་ཐང་སྒྲིག་འཛུགས་ཀྱི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་པའི་གྲངས་འབོར་ལ་གཞིགས་ན། བཞི་སྟོང་ལ་ཉེ་བའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་རང་དགར་བཀག་ཉར་བྱས་པའི་དོན་རྐྱེན་ཁྲོད། རྩ་ཁྲིམས་ཀྱི་གཞི་འཛིན་ས་མེད་པའི་བརྒྱ་ཆ་86%ཟིན་ཡོད། བྷི་ལུམ་བྷིར་གྷི་གསར་ཁང་(Bloomberg)དང་ནིའུ་ཡོཀ་དུས་བབ་ཐོག་བཏོན་པའི་རྒྱ་ནག་མཐོ་རིམ་དཔོན་རིགས་ཀྱི་རྒྱུ་ནོར་ཁྱབ་བསྒྲགས་ཀྱང་རྒྱ་ནག་ནང་ཁུལ་དུ་བཀག་བསྡོམས་བྱས་ཡོད།
དེ་དང་མཉམ་དུ་མི་མང་གི་འབོད་སྐུལ་ཁྲོད་རྒྱ་ནག་གི་རུལ་སུངས་ལ་ངོ་རྒོལ་བྱེད་ཤུགས་ཆེར་ཕྱིན་ཡོད་ཅིང་། ༢༠༡༢ ལོར། རིམ་པ་དམའ་བ་དང་འབྲིང་བའི་དཔོན་རིགས་མང་པོ་ཞིག་དྲ་ཐོག་དང་གསར་འགོད་པས་ཐེར་འདོན་བྱས་པར་བརྟེན་ནས་ཐག་བཅད་བྱས་ཡོད་ཀྱང་། གནས་ཚུལ་ཡོངས་གྲགས་བྱེད་པར་ད་དུང་ཡང་དམ་དྲག་བྱེད་བཞིན་ཡོད་པ་དང་། རྒྱལ་སྤྱིས་ཕྱི་ལོ་༢༠༡༢ ལོར་ལྐོག་ཟ་རུལ་སུངས་ཀྱི་རྒྱལ་ཁབ་ཁ་གསལ་ཁྱབ་བསྒྲགས་བྱས་པའི་གྲངས་ཀའི་ཁྲོད། རྒྱ་ནག་དེ་རྒྱལ་ཁབ་༡༧༦ ནང་གི་ཨང་༨༠ པ་ཡིན་པ་རེད།
སྙན་ཐོའི་ནང་། རྒྱ་ནག་སྐམ་སར་ཝེ་པོ་དྲ་རྒྱའི་ཤུགས་རྐྱེན་ཆེར་ཕྱིན་པ་དང་མཉམ་དུ། རྒྱ་ནག་མི་མང་རྣམས་སྤྱི་དམངས་གསར་འགོད་པའི་གྲས་སུ་འཛུལ་ཤུགས་ཇེ་མང་དུ་སོང་ཡོད་ལ། དྲ་ཐོག་ཏུ་མི་མང་གིས་ལྟ་རྟོག་བྱེད་པའི་ཚ་རླབས་ཤིག་འཕྱུར་ཏེ། དཔོན་རིགས་ཀྱི་ལྐོག་ཟ་རུལ་སུངས་ཐེར་འདོན་བྱས་པ་དང་། འབག་བཙོག་གི་བཟོ་གྲྭའི་གནས་ཡུལ་འདེམས་པར་ངོ་རྒོལ་བྱས་པ་སོགས་ཀྱི་མཚོན་པས། རྒྱ་ནག་གི་གསར་འགོད་རང་དབང་ལ་དགེ་མཚན་ལྡན་པའི་ཡར་སྐུལ་གྱི་རྟགས་མཚན་གསར་པ་ཞིག་སྐྱེལ་བཞིན་ཡོད་ཅེས་འཁོད་འདུག