ས་མཐའི་གྲོགས་མོ།

ཀ་ཡེ་ང་ཡི་ཕྱོགས་སུ་ལན་གཅིག་རང་གསོན་དང་། །
ཁ་ཙམ་མིན་པར་མ་བཅོས་དྭངས་གཙང་གི་སེམས་སུ། །
ག་དུས་ཡིན་ཡང་ཁྱེད་ཀྱིས་གཤིས་སྤྱོད་དག་བསམ་ནས་། །
ང་ཡིས་ཡིད་སྨོན་དབང་མེད་ཁྱེད་ཉིད་ལ་ཤོར་སོང་། །

ཅ་ཅོའི་འདུ་འཛི་དབེན་པའི་མི་མངོན་གྱི་དག་ཞིང་། །
ཆ་མེད་རྒྱུས་མེད་ངང་ནས་བགྲོད་པ་རེ་བརྩོན་ཡང་། །
ཇ་ཐུག་ཤ་མར་ལ་སོགས་དཀོར་ནག་འདིའི་འོག་ནས། །
ཉ་ཉུང་མཉམ་དུ་བསྲེ་བས་ཚུལ་འཆོས་རང་གྱུར་སོང་། །

ཏ་ལ་སྡོང་པོའི་བརྩེ་མོར་འདབ་ཆགས་ཀྱིས་མགྲིན་དབྱངས། །
ཐ་དད་འདྲ་མིན་སྣ་ཚོགས་སྒྲ་འཛིན་དུ་ཐོས་དུས། །
ན་གཞོན་ཡིད་མཐུན་ཁྱེད་ཀྱིས་གསུང་སྙན་དེ་དྲན་ནས། །
ད་ནི་ཁྱེད་ལ་མི་འགྱུར་བརྩེ་སེམས་འདི་ཤོར་ཐལ། །

པ་ཊ་ལ་སོགས་མཛེས་ལྡན་རི་མོའི་སྒྱུ་རྩལ། །
ཕ་མེས་རིག་གནས་ཀུན་ལ་དུང་བ་དེ་ཟབས་པས། །
བ་གླང་དུད་འགྲོ་ལྟ་བུ་ཀུན་སྤྱོད་དག་དོར་སྟེ། །
མ་ལོའི་རེ་བ་སྐོང་མཁས་ཁྱེ་ཉིད་ལས་སུ་ཞིག །

ཙ་རིའི་སྙུག་མ་འདྲ་བར་མཛེས་ལྡན་གྱི་སྐུ་གཟུགས། །
ཚ་གྲོང་ལ་སོགས་དཀའ་སྡུག་སྣ་ཚོགས་ཞིག་མྱོང་ཡང་། །
ཛ་དྲག་ཁ་བའི་བདེ་སྡུག་ཐུགས་སེམས་སུ་བཅངས་པར། །
ཝ་སྐྱེས་མཁན་དང་མི་འདྲ་ཡིད་འོང་ཀྱི་གྲོགས་མོ། །

ཞ་གོས་ལ་སོགས་མཛེས་ཆོས་ཁོ་ན་ཡི་ལམ་ནས། །
ཟ་འདོད་ཧམ་སེམས་མེད་པའི་དྲང་བདེན་གྱི་འཚོལ་ཐབས། །
ར་བ་གངས་ཅན་པ་ཡི་མཛེས་རྒྱན་ཞིག་ཡིན་ཡང་། །
ལ་ལར་གྲོགས་ངན་འཕྲད་དུས་རང་ཚུགས་དེ་ཤོར་འགྲོ །

ཤ་ཚའི་སྙིང་གཏམ་ཡིན་པས་ཁྱེད་ཐུགས་སུ་ཞོག་དང་། །
ས་མཐའ་འདི་ནས་འཕྲད་པའི་ཡིད་མཐུན་གྱི་གྲོགས་མོ། །
ཧ་ཅང་ཐལ་ཆ་ཆེ་བའི་ཉོག་གཏམ་ཞིག་གཟིགས་ན། །
ཨ་མེད་ལན་མེད་གནང་ཤིག་ཡིད་མཐུན་གྱི་གྲོགས་མོ། །

ཧ་ཧ་་ཞོགས་པ་ཆུད་ཚོད་བཞི་པ་ཡི་དུས་ཚོད། །
ཨ་ལན་བཟང་པོར་རེ་ནས་བྲིས་པ་ཡི་ཀ་རྩོམ། །
ཧ་ཅང་སྙན་པའི་རྣ་བར་འདུད་རྩི་ཞིག་མིན་ཡང་། །
ཨ་མཚར་ཀུ་རེ་མ་ཡིན་སྙིང་དབུས་ནས་ཕུལ་ལོ། །