ཀུ་ཤུ་བཟོ་གྲྭས་དཔེ་དེབ་ཕྱིར་བསྡུ་ལ་བོད་མིས་ངོ་རྒོལ།
ཉེ་ཆར་ཀུ་ཤུ་རྟགས་ཅན་བཟོ་གྲྭས་ཀུ་ཤུའི་དཔེ་དེབ་ཕབ་སྒྲོམ་ནང་གི་བོད་ཀྱི་ལོ་རྒྱུས་ཀྱི་མཉེན་ཆས་མ་ལག་ཕྱིར་བསྡུ་བྱས་ཡོད་པར་བརྟེན། བོད་མིའི་ཚོགས་པ་དང་སྒྲིག་འཛུགས་ཁག་གིས་ངོ་རྒོལ་བྱས་ཏེ། ཀུ་ཤུ་རྟགས་ཅན་བཟོ་གྲྭས་རྒྱ་ནག་གཞུང་གི་གནོན་ཤུགས་ལ་མགོ་སྒུར་བྱས་པར་སྐྱོན་བརྗོད་བྱས་ཡོད་པ་རེད།
དེའང་ཟླ་འདིའི་ཕྱི་ཚེས་༣ ཉིན་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཀུ་ཤུ་བཟོ་གྲྭས་ཚན་རྩལ་བཟོ་གྲྭའི་རང་དབང་གི་གནས་ཚུལ་བརྒྱུད་སྤྲོད་ཀྱི་དགོངས་དོན་དང་རྒྱབ་འགལ། བོད་རྒྱ་མི་རིགས་དབར་གྱི་འབྲེལ་ལམ་དང་མཐུན་སྒྲིལ་གྱི་གོ་སྐབས་བཙན་འཕྲོག་བྱས་ཡོད་སྐོར་ལ་བོད་མིའི་ཚོགས་པ་དང་སྒྲིག་འཛུགས་ཁག་གིས་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་རེད།
ཕྱི་ཟླ་༤ པའི་ནང་ཀུ་ཤུ་རྟགས་ཅན་བཟོ་གྲྭས་མཉེན་ཆས་མ་ལག་ཀུ་ཤུ་ཚོང་མཛོད་(App store) ནང་གི་ཚད་ལྡན་དཔེ་མཛོད་(Classic Bookstore) ཞེས་པ་དྲ་རྒྱའི་ཚོང་མཛོད་(App store) ནས་ཕྱིར་བསྡུ་བྱས་ཡོད་པ་རེད། དཔེ་དེབ་དེ་དག་གི་ཁྲོད་དུ་<<སློབ་གྲྭ་ཆེན་མོ།>> <<ནུབ་ཕྱོགས་སུ་བསྐྱོད་པ་>> <<དཔྱད་བརྗོད་>>ཞེས་པ་སོགས་སྐད་གྲགས་ཅན་གྱི་རྒྱ་ཡིག་གི་དཔེ་དེབ་དང་། རྒྱ་རིགས་རྩོམ་པ་པོ་ཝང་ལི་ཤང་གིས་བརྩམས་པའི་<<ཆག་སྒོ་སེར་པོ།>> <<བྱ་དུར་བོད་ཀྱི་ལས་དབང་>> <<ངའི་ནུབ་གླིང་དང་ཁྱོད་ཀྱི་ཤར་ས་>>བཅས་དེབ་གསུམ་ཡོད་པ་ཞིག་ཡིན་འདུག
བོད་རང་དབང་སློབ་ཕྲུག་ཚོགས་པའི་འགན་འཛིན་བསྟན་རྡོར་གྱིས་ཨ་རིའི་རླུང་འཕྲིན་ཁང་ལ། ཐེངས་དང་པོར་རྒྱ་ནག་སྐམ་སར་ཡོད་པའི་མི་ཞིག་བརྒྱུད་དེ། ཚད་ལྡན་དཔེ་མཛོད་དྲ་རྒྱའི་ཚོང་མཛོད་ལས་ཕྱིར་འཐེན་བྱས་ཡོད་པ་ཤེས་རྟོགས་བྱུང་སྐོར། དེའི་རྗེས་ཁོ་རང་ཉིད་ཀྱིས་དྲ་ཐོག་ནས་ཀུ་ཤུའི་རྒྱལ་སྤྱི་ཚོང་མཛོད་ནང་འཚོལ་བཤེར་གྱིས་ཚོད་ལྟ་བྱས་སྐབས། དཔེ་དེབ་དེ་དག་མེད་པར་གྱུར་ཟིན་པ་ཧ་གོ་སོང་། དེར་བརྟེན་བོད་རང་དབང་སློབ་ཕྲུག་ཚོགས་པའི་ངོས་ནས་ཕྱི་ཟླ་༥ པའི་ཚེས་༡ ཉིན་ནས་བཟུང་ཀུ་ཤུ་རྟགས་ཅན་བཟོ་གྲྭ་དང་བཟོ་གྲྭ་དེའི་འགན་འཛིན་ལ་རེ་ཞུའི་ཡི་གེ་ཕུལ་བའི་ནང་། ཀུ་ཤུ་བཟོ་གྲྭས་རྒྱ་ནག་གཞུང་གིས་བརྡ་འཕྲིན་རང་དབང་དང་བསམ་བློ་རང་དབང་ལ་བཙན་གནོན་དང་བཤུ་གཞོག་ལ་གཞོགས་འདེགས་ཀྱི་ལས་ཀ་ངེས་པར་དུ་མཚམས་འཇོག་བྱ་དགོས་སྐོར་སོགས་འཁོད་ཡོད་འདུག
ཁོང་གིས་རེ་ཞུའི་ཡི་གེ་ཕུལ་དགོས་དོན་སྐོར་བརྗོད་སྐབས། ཁོང་ཚོས་ཀུ་ཤུ་བཟོ་གྲྭ་ཡིས་མི་རིང་བར་མཉེན་ཆས་མ་ལག་དེ་ཀུ་ཤུ་ཚོང་མཛོད་ནང་བསྐྱར་འཇུག་བྱེད་དགོས་པའི་རེ་མདུན་འདོན་བཞིན་ཡོད་པ་མ་ཟད། མ་འོངས་པར་རྒྱ་ནག་སྲིད་གཞུང་ངམ་ཡང་ན་སྲིད་གཞུང་སུ་ཞིག་གིས་དྲ་ཐོག་ཞིབ་བཤེར་ལ་བརྟེན་ནས་གནས་ཚུལ་བཀག་སྡོམ་བྱ་མི་རུང་། རྒྱུ་མཚན་ནི་དེ་དག་ཚང་མ་ཤེས་བྱའི་གྲུབ་ཆ་ཞིག་དང་བརྡ་འཕྲིན་གྱི་ཆ་ཤས་ཤིག་རེད། ཀུ་ཤུ་བཟོ་གྲྭའི་བྱ་སྤྱོད་དེ་ཚོང་གི་ཁེ་སྤོགས་ལ་བསམ་བློ་བཏང་བ་ཞིག་ཡིན་རུང་། ཀུ་ཤུ་ཡིས་རྒྱལ་སྤྱིའི་ཁྲིམས་སྲོལ་ལ་བརྩི་བཀུར་བྱེད་དགོས་པ་མ་ཟད། འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཡང་སྲུང་སྐྱོབ་བྱེད་དགོས་ཞེས་བརྗོད་འདུག
ཀུ་ཤུ་བཟོ་གྲྭས་བརྗོད་པ་ལྟར་ན། ཚད་ལྡན་དཔེ་མཛོད་གཉེན་ཆས་མ་ལག་གསར་གཏོད་མཁན་ནི་སྐུ་ཞབས་ཧོ་ཕིང་ཆང་ཡིན་པ་དང་། ཁོང་གིས་གཉེན་ཆས་ཕྱིར་འཐེན་བྱས་པའི་རྒྱུ་མཚན་ཡང་། དཔེ་དེབ་ནང་རྒྱ་ནག་གིས་ཁྲིམས་འགལ་དུ་བརྩི་བའི་ནང་དོན་ཡོད་པ་རེད། དེའི་ཐད་མཉེན་ཆས་བཟོ་མཁན་ཧོ་ཕིང་ཆང་གིས་མ་རྐང་དུས་བབ་(Fniancial Times) ཐོག གཉེན་ཆས་མ་ལག་དེ་ཡར་འཇུག་བྱས་ནས་ཟླ་གཉིས་ཀྱི་རྗེས་སུ་ད་གཟོད་ཕྱིར་འཐེན་བྱས་པ་རེད་ཅེས་བཤད་ཡོད་པ་རེད།
རྩོམ་པ་པོ་ཝང་ལི་ཤང་གིས་བརྗོད་པ་ལྟར་ན། ཁོང་གིས་ཀུ་ཤུ་བཟོ་གྲྭར་དེའི་ཐད་བྱས་ཉེས་ཡིན་པའི་སྐྱོན་འཛུགས་གང་ཡང་བྱས་མེད་པ་རེད།
ཨ་རིའི་ནིའུ་ཡོཀ་དུས་བབས་ཀྱིས་དཔྱད་བརྗོད་སྤེལ་བའི་ནང་། ཀུ་ཤུའི་བྱ་སྤྱོད་དེ་ཆབ་སྲིད་ལ་བསམ་གཞིག་བྱས་པ་ཞིག་རེད་ཅེས་འཁོད་འདུག དེ་བཞིན་བོད་རིགས་བུད་མེད་རྩོམ་པ་པོ་འོད་ཟེར་གྱིས་ཀུ་ཤུ་བཟོ་གྲྭའི་བྱེད་སྟངས་དེར། ཁོང་བློ་ཕམ་ཆེན་པོ་བྱུང་ཞེས་དྲ་ཐོག་ཏུ་ཀུ་ཤུའི་བྱེད་སྟངས་ལ་སྐྱོན་བརྗོད་བྱས་ཡོད་པ་རེད།།
ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པས་ཕྱི་ཟླ་༥ པའི་ཚེས་༢ ཉིན་སྦྲགས་ཁང་བརྒྱུད་དེ་ཀུ་ཤུ་བཟོ་གྲྭར་རེ་ཞུའི་ལས་འགུལ་དེའི་སྐོར་དོགས་འདྲི་བྱས་ཡོད་འདུག་ནའང་། མིག་སྔར་ད་དུང་དེའི་སྐོར་ལ་ལན་འདེབས་བྱས་མེད་པ་རེད་འདུག །