༧གོང་ས་མཆོག་ལ་ཆེ་བསྟོད་ཀྱི་ཕྱག་ཁྱེར་ཕུལ་བ།
ཉིན་འདི་གར་༧གོང་ས་མཆོག་ཨ་རིར་ཕེབས་ཏེ་མང་ཚོགས་ལ་ལམ་སྟོན་བཀའ་སློབ་དང་། ཆོས་ལུགས་སྐོར་གྱི་བགྲོ་གླེང་སོགས་སུ་མཉམ་ཞུགས་ཀྱིས་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཁག་ཅིག་སྐྱོང་བཞིན་ཡོད་པ་རེད་འདུག
དེ་ཡང་༧གོང་ས་མཆོག་ལ་(University of Maryland) མར་རི་ལན་ཌེ་གཙུག་ལག་སློབ་གཉེར་ཁང་ནས་འདི་ལོའི་གཙུག་ལག་སློབ་གཉེར་ཁང་གི་མཚན་སྙན་གྲགས་ལྡན་པའི་ཨན་ཝར་ས་ཌ་ཌི་ (Anwar Sadat) ཞེས་པའི་མཚན་གནས་ཐོག་ཞི་བདེའི་ལམ་སྟོན་སྐོར་ལ་བཀའ་སློབ་སྩོལ་ཆེད་གསོལ་འདེབས་ཞུས་དོན་ལྟར། ཟླ་འདིའི་ཚེས༧ ཉིན་༧གོང་ས་མཆོག་གིས་མེ་རི་ལེན་ཌ་མཐོ་རིམ་གཙུག་ལག་སློབ་གཉེར་ཁང་དུ། དགེ་ལས་སློབ་ཕྲུག་དང་མི་དམངས་ཁྱོན་བསྡོམས་ཆིག་ཁྲི་ལྔ་སྟོང་བརྒལ་བར་ཞི་བདེ་བསྐྲུན་ཐབས་དང་འབྲེལ་བའི་བླང་དོར་གྱི་བཀའ་སློབ་གནང་དོན།
དེ་རིང་ངོས་རང་འདི་གར་འབྱོར་ནས་ཁྱེད་རང་ཚོ་དང་ཐུག་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང། ཕྱི་ལོ་ ༡༩༧༠ ནས་ ༨༡ བར་ (Egypt) ཨི་ཇིབ་ཀྱི་སྲིད་འཛིན་དམ་པ་ཨན་ཝར་ས་ཌ་ཊེ(Anwar Sadat) མཆོག་གིས་སྐབས་དེར་ཨི་ཛི་རལ་དང་ལྷན་རྩོད་རྙོག་འདུམ་འགྲིག་ཆེད་ཞི་བའི་གྲོས་མོལ་ལ་བཞུགས་པ་སླར་ཡང་དྲན་གསོ་ལྟ་བུ་བྱུང་། སྐབས་དེ་དུས་ངོས་ཀྱིས་ཁོང་གི་དཔའ་མཛངས་སྙིང་སྟོབས་ལ་ཡི་རང་བསྔགས་བརྗོད་ཞུ་རྒྱུ་བྱུང་། དེ་རིང་འདི་གར་་སྲིད་འཛིན་དམ་པ་ཁོང་གི་ལྕམ་སྐུ་དངོས་སུ་མཇལ་འཕྲད་བྱུང་བར་ཧ་ཅང་དགའ་པོ་བྱུང་། སྲིད་འཛིན་དམ་པ་ཁོང་གིས་ཞི་བདེའི་ཆེད་སྐུ་སྲོག་ལེགས་སྐྱེས་སུ་ཕུལ་བའི་བྱས་རྗེས་ལ་གཞོན་སྐྱེས་སློབ་ཕྲུག་ཚོས་མིག་དཔེ་ལེན་དགོས་པ་ཞིག་ཆགས་ཡོད། གང་ལྟར་ཕྱོགས་ཕན་ཚུན་རྩོད་རྙོག་སོགས་ཀྱི་གནས་ཚུལ་གང་ཞིག་འཕྲད་ཀྱང་ཞི་བའི་ཐབས་ལམ་བརྒྱུད་ནས་སེལ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད།
ལྷག་པར་སྲིད་འཛིན་ཁོང་གིས་ཕྱོགས་ཕན་ཚུན་ཡིད་ཆེས་བྱེད་མི་ཐུབ་པའི་སྐབས་སུ་གྲོས་མོལ་ལ་བཞུགས་ནས་ཕན་ཚུན་ཡིད་ཆེས་སླེབ་ཐབས་ཆེད་ཕུགས་རྒྱང་རིང་པོའི་བསམ་བློ་བཏང་གནང་བ་དེ་ནི་རླབས་ཆེན་ཞིག་ཡིན། དྲག་འཐབ་ལས་འགུལ་གྱི་དམིགས་ཡུལ་ཇི་ཙམ་བཟང་པོ་ཡིན་རུང་། མཇུག་འབྲས་བརྗོད་མི་ཐུབ་པ་ཞིག་ཡོང་གི་ཡོད་པ་མ་ཟད། དྲག་པོའི་ཐབས་ལམ་དེས་དཀའ་ངལ་འཕྲད་རྒྱུ་མ་གཏོགས་ཡོང་གི་མེད། ང་ཚོས་ཐོག་མར་རང་ཉིད་ཀྱི་སེམས་ནང་བདེ་སྐྱིད་བསྐྲུན་ཐབས་དང་དེ་ནས་ཀུན་ཁྱབ་འགན་འཁུར་ཐོག་བསམ་བློ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ཅེས་དང་།
༧གོང་ས་མཆོག་གིས་མུ་མཐུད་དུ་གསུངས་དོན། ལྷག་པར་མ་འོངས་པའི་སྤྱི་ཚོགས་འདི་ཡག་པོ་ཡོང་ཐབས་སུ་གཞོན་སྐྱེས་ཚོས་དམིགས་བསལ་འགན་ཁུར་ལེན་དགོས། སྤྱི་ཚོགས་ནང་མི་རིགས་དང་ཆོས་ལུགས་དབྱེ་འབྱེད་མ་བྱས་པར་འཛམ་གླིང་སྤྱིའི་དོན་ལ་བསམ་བློ་གཙོ་བོ་གཏོང་དགོས། ཆེ་སའི་རྩ་དོན་ནི་འཛམ་གླིང་སྤྱིའི་བདེ་དོན་རེད་མ་གཏོགས་ཆོས་ལུགས་དང་མི་རིགས་ཀྱི་དབྱེ་བ་གནས་ཚུལ་ཆུང་ཚག་རེད། དུས་རབས་ཉེར་གཅིག་པའི་མི་རབས་ཚོས་འཛམ་གླིང་སྤྱིའི་བདེ་དོན་ལ་བསམ་བློ་ཤུགས་ཆེ་ཙམ་གཏོང་ཐུབ་པ་བྱེད་དགོས། ལྷག་པར་ཉེ་ལམ་འབར་མའི་ནང་པ་ཚོས་ཁ་ཆེའི་སྐྱབས་བཅོལ་བ་རྣམས་ལ་མི་གསོད་གཏོར་རྒོལ་ཚབས་ཆེ་བྱས་པ་དེ་ནི་ཆོས་དང་ཡོངས་སུ་འགལ་བ་ཞིག་ཡིན། འབར་མའི་རྩོད་རྙོག་དེ་ཆབ་སྲིད་ཀྱི་གནད་དོན་ཞིག་ལས་ཆོས་ཀྱི་གནད་དོན་ཞིག་གཏན་ནས་མིན། སྤྱིར་ཆོས་མིང་ལ་བསྙད་ནས་མི་གསོད་རྒྱུ་ནི་བློ་ཡུལ་ནང་ཤོང་དཀའ་བ་ཞིག་ཡིན་ནའང། དེང་སྐབས་འབར་མའི་ནང་གི་ནང་པ་ཚོས་མི་གསོད་དོན་རྐྱེན་ནང་མཉམ་ཞུགས་བྱས་པའི་གནས་ཚུལ་བྱུང་བ་ནི་ཆེས་བློ་ཕམ་གྱི་གནས་ཚུལ་ཞིག་ཆགས་ཡོད་པར་བརྟེན། ངོས་ཀྱིས་འབར་མའི་ནང་པ་ཚོར་སྟོན་པ་བཅོམ་ལྡན་འདས་ཀྱི་བཞིན་རས་སེམས་ནང་དྲན་གསོ་གཏོང་ཐུབ་ཐབས་བྱེད་དགོས་པའི་འབོད་སྐུལ་ཞུ་གི་ཡོད། མདོར་ན། དུས་རབས་ ༢༡ ནང་དཀའ་ངལ་ཇི་འདྲ་ཞིག་འཕྲད་ཀྱང་ཞི་བདེ་དང་གྲོས་མོལ་གྱི་ལམ་ནས་སེལ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་སོགས་ཀྱི་བཀའ་སློབ་དང་དགེ་ལས་སློབ་ཕྲུག་ཚོའི་དྲི་བར་བཀའ་ལན་བསྩལ་ཡོད་པ་རེད་འདུག
གཞན་ཡང་མཛད་སྒོའི་སྐབས་གཙུག་ལག་སློབ་ཁང་གི་༸གོང་ས་མཆོག་ལ་ཆེ་བསྟོད་ཀྱི་ཕྱག་འཁྱེར་འབུལ་ལམ་ཞུས་ཡོད་འདུག་ལ། ཉིན་རྒྱབ་༧གོང་ས་མཆོག་དབུ་བཞུགས་ཐོག་སུ་ཕི་ཁ་ཆེའི་ཆོས་ལུགས་དང་ནང་པའི་ཆོས་ལུགས་དབར་གྱི་བགྲོ་གླེང་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་ཡོད་འདུག
ཕྱི་ཚེས་༨ ཉིན་༧གོང་ས་མཆོག་ཨ་རིའི་ནུབ་བྱང་གྲོང་ཁྱེར་(Portland) པོར་ཊི་ལན་ཌེ་རུ་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད།
