འཛིན་གྲྭ་དབུ་འབྱེད་ཀྱི་མཛད་སྒོ།
ཁ་སང་རྡ་ས་བོད་ཀྱི་བདེ་རྩའི་ཡང་སྟེང་དུ་ནང་སྲིད་ལས་ཁུངས་དང་བོད་ཀྱི་བདེ་རྩ་ཐུན་མོང་གི་གོ་སྒྲིག་འོག སྤྱི་ཚོགས་ནང་སྔར་གཞི་རིམ་སློབ་སྦྱོང་གི་གོ་སྐབས་མ་རག་པ་དང་བོད་ནས་གསར་དུ་ཕེབས་མཁན་ཚོའི་ཆེད་རྨང་རིམ་ཤེས་ཡོན་འཛིན་གྲྭ་ཞིག་དབུ་འབྱེད་གནང་ཡོད་པ་རེད།
དེ་ཡང་ཟླ་འདིའི་ཕྱི་ཚེས་༨ ཉིན་གྱི་ཞོགས་པའི་ཆུ་ཚོད་༡༠ པའི་སྟེང་རྡ་ས་བོད་ཀྱི་བདེ་རྩའི་ཡང་སྟེང་དུ་ནང་སྲིད་ལས་ཁུངས་དང་བོད་ཀྱི་བདེ་རྩ་ཐུན་མོང་གི་གོ་སྒྲིག་འོག རྨང་རིམ་ཤེས་ཡོན་འཛིན་གྲྭ་དབུ་འབྱེད་ཀྱི་མཛད་སྒོ་ཞིག་འཚོགས་ཡོད་པ་རེད།
མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་དང་། ནང་སྲིད་དྲུང་ཆེ་བསོད་ནམས་སྟོབས་རྒྱལ། དྲུང་འཕར་རྣམ་གཉིས། གཞན་ཡང་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་སྤྱི་འཐུས་སྐལ་བཟང་རྒྱལ་མཚན། རྡ་སའི་ས་གནས་འགོ་འཛིན་བསོད་ནམས་རྡོ་རྗེས་གཙོས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། དགེ་ལས་སློབ་ཕྲུག་བཅས་ཁྱོན་མི་གྲངས་བརྒྱ་བརྒལ་བ་ལྷན་འཛོམས་ཀྱི་ཐོག་མར་བོད་ཀྱི་བདེ་རྩ་དབུ་འཛུགས་གནང་མཁན་ཚོགས་གཙོ་ལཱ་ཁ་རིན་པོ་ཆེའི་འཚམས་འཕྲིན་སྒྲོགས་སྦྱང་གནང་རྗེས། བོད་ཀྱི་བདེ་རྩའི་འགན་འཛིན་ཚེ་རིང་དོན་གྲུབ་ཀྱིས་ འཚམས་འདྲིའི་ངོ་སྤྲོད་གསུང་བཤད་གནང་ཡོད་པ་རེད།
དེ་ནས་ཌན་མག་བོད་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་གུན་ཝར་ཇུ་དང་ནང་སྲིད་དྲུང་ཆེ་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས་གསུང་བཤད་གནང་རྗེས།
སྐུ་མགྲོན་གཙོ་བོ་མཆོག་གསུང་བཤད་གནང་དོན། སྤྱིར་བཏང་བོད་ཀྱི་ཆབ་སྲིད་གནས་སྟངས་འོག་བོད་མི་བཙན་བྱོལ་བ་ཆགས་རྗེས་༧གོང་ས་མཆོག་གི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་བར་སྐབས་ཤིག་ནས་ལོ་ཚད་གང་ཙམ་སླེབས་ཀྱང་སྐད་ཡིག་སྦྱོང་འདོད་ཡོད་པ་གང་མང་ཡོང་གི་ཡོད་པར་བརྟེན། ང་ཚོ་བོད་པའི་སྤྱི་ཚོགས་ནང་སྤྱི་ཟུར་ལཱ་ཁ་རིན་པོ་ཆེས་གཙོས་བོད་ཀྱི་བདེ་རྩ་ཚོགས་པ་དང་། ལྷ་ཚོགས་པ། ཆུ་བཞི་སྒང་དྲུག་སོགས་ཀྱི་སྐད་ཡིག་སྦྱོང་བརྡར་སྤྲོད་རྒྱུས་མཚོན་ཕན་ཐོགས་ཡོད་པའི་ལས་དོན་གནང་བར་བསྔགས་བརྗོད་ཞུ་རྒྱུ་ཡིན། གང་ལྟར་ང་ཚོ་མིའི་ལུང་པར་སླེབས་པ་ཡིན་སྟབས་མ་མཐར་ཟ་སྐད་འཐུང་སྐད་ཤེས་པ་དགོས་ཀྱི་འདུག འདི་འདྲ་བའི་སློབ་ཚན་རིམ་པ་སྦྱོང་རྒྱུའི་གོ་སྐབས་ནི་ཧ་ཅང་བཟང་པོ་ཡིན།
འོན་ཀྱང་ལས་གཞི་ཡག་པོ་ཡོང་མིན་ནི་སློབ་ཕྲུག་ཚོར་རག་ལུས་པ་ཡིན་པར་བརྟེན་སློབ་ཕྲུག་ཚོས་སློབ་སྦྱོང་མཐའ་འཁྱོངས་བ་བྱ་རྒྱུ་གལ་ཆེན་པོ་རེད། ད་ལྟའི་ཆར་བོད་ཀྱི་གནས་སྟངས་ཛ་དྲག་ཡིན་སྟབས། བོད་མི་མི་རེ་ངོ་རེ་ནས་འགན་འཁྲི་དང་ལྷན་ནུས་ལྡན་གྱི་སློབ་སྦྱོང་བྱེད་དགོས་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད་པ་རེད།
སྤྱིར་བཏང་བོད་ཀྱི་བདེ་རྩའི་ལས་འཆར་ཚན་པ་བཞི་ཡོད་པ་རྣམས་ནི། སྤྱི་ཚོགས་ཞབས་ཞུ་དང་། འཕྲོད་བསྟེན། དུད་འགྲོར་ལྟ་སྐྱོང་། ཤེས་ཡོན་བཅས་ཡིན་པ་དང་། རྨང་རིམ་ཤེས་ཡོན་འཛིན་གྲྭ་དང་གློག་ཀླད་འཛིན་གྲྭ་སོགས་ལ་ཁྱོན་སློབ་མ་གྲངས་༡༧༢ ཡོད་པ་མ་ཟད་ད་ཐེངས་འཛིན་གྲྭའི་སློབ་ཕྲུག་ཚོར་རྒྱ་གར་གཞུང་གི་ངོས་ལེན་ཡོད་པའི་ལག་འཁྱེར་ཡང་སྤྲད་འཆར་ཡོད་པ་རེད་འདུག