བརྗེད་མི་སྲིད་པའི་ལོ་རྒྱུས།

ནང་དུ་འབྱོར་རྗེས་ཨ་མས་ང་ལ་ཞོ་དང་འོ་མ་མཉམ་དུ་བསྲེས་ནས་ཕོར་བ་གང་གནང་ཞོར་༼ཨ་མའི་བུ་གཅེས་ལགས་ཁ་དྲོ། ཁྱེད་ཀྱི་ང་བསྐྱུར་ནས་གཞན་ཡུལ་དུ་ཁྱོན་ནས་མ་ཕེབས་རོགས་གསུང་ཞོར་སླར་ཡང་ང་ལ་འཐམས་ནས་ངུས་སོང་།༽ ངས་ཀྱང་མིག་ཆུ་དང་བསྒྲགས་ནས་ཨ་མ་ལགས། ང་འགྲོ་རྒྱུ་གཏན་ཁེལ་ཟིན་པ་ཡིན་པས་ཁྱེད་ཀྱིས་དེ་འདྲ་མ་གསུངས་རོགས།

ང་རང་མ་སྨད་གཉིས་ཀ་སྡུག་བསྔལ་གྱི་རྒྱུ་ལས་དགེ་མཚན་མེད་ཚུལ་དང་། ད་དུང་གོང་གསལ་པ་ལགས་ལ་འགྲེལ་བརྗོད་གང་ཞུས་པ་ཨ་མ་ལ་ཡང་ཆ་ཚང་ཞུས་པ་ཡིན། ཡིན་ཡང་ཨ་མས་ཉན་འཇོག་གཏན་ནས་མེད་ཁར་ནམ་རྒྱུན་འགྲོགས་འབྲེལ་ཉེ་སའི་མྱི་རྒན་གསུམ་ཙམ་འབོད་འགུག་གནང་ནས་ང་ལ་སློབ་གསོ་གཏང་བཅུགས་སོང་། ཁོང་ཚོས་ཀྱང་ཨ་མའི་རེ་བ་བཞིན་ང་ལ་མང་པོ་བཤད་སོང་། ངས་ཀྱང་ཁོང་ཚོར་ལེགས་སོ་མང་པོ་ཞུས་པ་ལས་དེ་མིན་རྒྱུ་མཚན་གང་ཡང་བཤད་མེད། ངས་ཁོང་ཚོ་ལ་བསྟན་པས་རྣམ་འགྱུར་དེས་ཨ་མ་ལགས་གཙོས་བྱས་ནང་མི་རྣམས་དང་ཁོང་ཚོ་ཚང་མས་ང་རྒྱ་གར་དུ་འགྲོ་རྒྱུར་འགྱུར་བ་ཐེབས་ཡོད་པའི་ཚོར་སྣང་དང་ཡིད་ཆེས་བྱུང་ཡོད་འདུག །ཕྱིས་སུ་ང་ཡོང་ཁར་ཤེས་རྟོགས་བྱུང་སོང་། དེ་ནས་ཉིན་གཉིས་ཀྱི་རིང་འབྲོག་པའི་ནང་དུ་བསྡད་པ་ཡིན། ཉིན་གཉིས་པ་ནས་སླར་ཡང་ནམ་རྒྱུན་འདུག་གནས་དགོན་ཆུང་དེའི་ནང་ལོག་ཡོང་བ་ཡིན། དེ་ནས་ནང་མི་དང་དེ་ཙམ་འབྲེལ་ལམ་མི་དགོས་པའི་ཐབས་ཤེས་གང་ཡོད་བྱས་ནས་བསྡད་པ་ཡིན། ཁོང་ཚོས་ཀྱང་གོང་གསལ་བཞིན་ང་རྒྱ་གར་དུ་འགྲོ་རྒྱུར་འགྱུར་བ་ཐེབས་ཡོད་པའི་ཡིད་ཆེས་བྱས་ནས་བསྡད་པ་རེད། ཡིན་ཡང་ཞང་ཨ་ཆོས་ནི་ནམ་རྒྱུན་ནས་ཅུང་ཟད་སྤྱང་དྲུང་ལྡན་པ་ཞིག་ཡིན་པས་ང་ལ་ཡིད་ཆེས་མེད་པ་མ་ཟད། ད་དུང་དགོང་མོ་རྟག་པར་ནང་དུ་འབོད་འགུག་གནང་སྟེ་སྐད་ཆ་མང་པོ་འདྲི་བ་མ་ཟད། ས་ཆ་ག་གེ་མོ་དེ་འདྲ་ནས་མི་མང་པོ་ག་སོང་ཆ་མེད་དུ་འགྱུར་ཚུལ་དང་། ད་དུང་རྒྱ་གར་འགྲོ་སའི་ལམ་ཁར་ནི་ཆེས་འཇིགས་སུ་རུང་བ་ཡོད་པ་དང་། དེ་ཡང་སྟག་གཟིག་དོམ་དྲེད་སོགས་གཅན་གཟན་འདྲ་མིན་དེ་དག་གིས་མིའི་ཚེ་སྲོག་ལ་རྒོལ་ཚུལ་དང་། དེ་བཞིན་ས་མཚམས་ནས་དམག་མི་དང་ས་སྲུང་མཁན་ཚོས་བཙོན་རར་བཅུག་ནས་ཉེས་བརྡུང་བཏང་རབ་བཤད་ཀྱི་ཡོད། ཡིན་ཡང་སྐབས་དེར་ང་ཡང་ལོ་ན་༢༠ཙམ་ཡིན་པས་མགོ་བསྐོར་ཡིན་མིན་གསལ་པོར་ཤེས་ཀྱིན་ཡོད་རུང་མི་ཤེས་པའི་ངང་ཚུལ་བཟུང་ནས་བསྡད་པ་ཡིན། གོང་གསལ་ཉིན་གྲངས་༡༥་ཙམ་གྱི་དུས་ཡུན་ནང་དུ་ཆེས་མི་འདོད་པའི་རྙོག་གླེང་ཁོ་ནའི་འོག་ནས་དངུལ་སྒོར་གཅིག་ཀྱང་ཐབས་ཤེས་ཐོན་མ་སོང་། སྐབས་རེ་བསམ་གཞིག་འདྲ་མིན་འོག་ནས་མཚན་མོར་གཉིད་ཀྱང་ཁུག་མ་ཐུབ་པའི་གནས་སྟངས་མང་པོ་བྱུང་སོང་། དེ་ནས་ངས་གྲོགས་པོར་གོ་བསྡུར་ཐོག་ཁོང་གི་སྤུན་རྒན་པ་ཚོང་པ་ཡིན་པས་ཁོ་ལ་དངུལ་གཡར་རོགས་ཞུ་རྒྱུ་ལས་ཐབས་ཤེས་མེད་བཤད་པར་ཁོས་ཀྱང་དེ་བཞིན་ལེགས་ཚུལ་བཤད་ནས་ངེད་གཉིས་ཀྱིས་ཁོ་ལ་་རེ་བ་ཞུ་རྒྱུ་ཐག་བཅད་པ་ཡིན། སྟབས་ལེགས་པ་ཞིག་ལ། ང་དང་ལྷན་དུ་ཁོ་འགྲོ་རྒྱུ་ཡིན་ཚུལ་ང་ཡི་སྤུན་འཆེད་ཀྱིས་སུ་ལ་ཡང་བཤད་ཡོད་པ་མ་རེད། དེའི་ཆ་ནས་ཁོ་ལ་དངུལ་གཡར་རོགས་ཞུ་རྒྱུ་བདེ་མོ་ཡོད་པ་རེད། དེའི་དགོང་མོ་ཁོང་གི་སྤུན་འཆེད་ལ་ངེད་གཉིས་གསུང་ཆོས་ཞུ་སར་འགྲོ་དགོས་འདུག་པས་ཁྱེད་ཀྱིས་དངུལ་ཕྲན་བུ་རེ་གཡར་རོགས་དགོས་ཚུལ་བཤད་པ་བཞིན་ཁོས་ཀྱང་ལམ་སེང་ཡིན་དང་ཡིན་ཁྱེད་གཉིས་ལ་དངུལ་ག་ཚོད་དགོས་ན་གཡར་ཆོག སྤྱིར་བཏང་དེང་སང་ང་རང་ཡང་དངུལ་དགོས་མཁོ་ཆེན་པོ་ཡོད་ཀྱང་ཁྱེད་གཉིས་ལ་མེད་ཞུ་མི་ཐུབ། འཇམ་གཅེས་ལགས་ཁྱེད་ནི་ནམ་རྒྱུན་ནས་ངས་མི་ཡག་པོ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་པ་ཙམ་དུ་ཟད་ཁྱེད་རང་གཉིས་བློས་ཐུབ་ཀྱི་གྲོགས་པོ་ཡིན་པས་དངུལ་གཡར་བ་ཙམ་དུ་མ་ཟད་ཕུལ་ན་ཡང་ཕངས་སེམས་མེད། ག་ཚོད་དགོས་ན་གསུང་གནང་རོགས་ཟེར། ངེད་གཉིས་ཀྱི་མི་རེར་དངུལ་སྒོར་༡༠༠༠རེ་བྱུང་ན་འགྲིག་ཚུལ་བཤད་པ་བཞིན་ལམ་སེང་གྲངས་ཀ་བརྩིས་སོང་། མུར་འགོད་་་་་་་་