རྒྱ་གཞུང་གིས་བོད་མི་རིགས་ཀྱི་སེམས་པ་འདུལ་ཐུབ་ཀྱི་མེད།
ཟླ་འདིའི་ཕྱི་ཚེས་༡༧ ཉིན་སྟེ། པཎ་ཆེན་རིན་པོ་ཆེ་རྒྱ་གཞུང་གིས་འཇུ་བཟུང་བཙན་ཁྲིད་ཀྱི་ཉིན་མོ་འདིར་འཛམ་གླིང་གི་ས་ཕྱོགས་འདྲ་མིན་ནས་བོད་མི་ཚོས་མཆོད་འབུལ་གཙོས་ལས་འགུལ་འདྲ་མིན་ཞིག་སྤེལ་ཏེ་ཉིན་མོ་དེ་གདུང་སེམས་མཉམ་བསྐྱེད་ཀྱི་ངོ་བོར་སྲུང་བརྩི་བྱས་ཡོད་པ་ལྟར། ཉིན་དེར་དྷ་སར་ཡང་གཞུང་འབྲེལ་གྱི་ཐོག་ནས་གདུང་སེམས་མཉམ་བསྐྱེད་ཀྱི་ཉིན་མོ་སྲུང་བརྩི་བྱས་ཡོད་པ་རེད།
དེ་ཡང་ཉིན་དེའི་ཕྱི་དྲོའི་ཆུ་ཚོད་༣།༣༠ ཐོག་དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ་དབུ་བཞུགས་ཐོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་དང་། སྲི་ཞུའི་ལས་བྱེད་རྣམ་པ། གཞན་ཡང་དྷ་སའི་ཉེ་འཁོར་གྱི་སློབ་གྲྭ་ཁག་གི་སློབ་མ་དང་། གྲྭ་ཚང་དང་བཙུན་དགོན་ཁག་གི་གྲྭ་པ་དང་བཙུན་མ། དེ་བཞིན་དྷ་སའི་ས་གནས་མི་མང་ཧ་ཅང་མང་པོ་མཉམ་འཛོམས་ཀྱིས། བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་རང་ལུས་མེར་སྲེག་གཏོང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ཀྱི་ཆེད་མཆོད་འབུལ་སྨོན་ལམ་གྲུབ་མཚམས། གདུང་སེམས་མཉམ་བསྐྱེད་ཉིན་མོ་སྲུང་བརྕིའི་ཆེད་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། མི་མང་བཅས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་རྭ་བའི་ནང་མཉམ་འཛོམས་ཀྱིས་མཛད་སྒོ་སྟབས་བདེ་ཞིག་འཚོགས་སོང་ལ། མཛད་སྒོའི་ཐོག་མར་ཚང་མ་སྐུ་བཞེངས་ཐོག་བོད་མི་རིགས་དང་རྒྱལ་ཁབ་གྱི་ཆེད་རང་སྲོག་བློས་བཏང་བའི་འདས་པོའི་ཚོའི་ཆེད་ངག་བཅད་སྐར་མ་གཅིག་བྱས་སོང་།
དེ་ནས་ས་རཱ་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་གཙང་ཕྲུག་སྟོབས་ཀྱིས། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་༡༡ པ་མཆོག་གི་མཛད་རྣམ་དང་གནས་སྟངས་ངོ་སྤྲོད་སྙིང་བསྡུས་གནང་དོན། པཎ་ཆེན་སྐུ་ཕྲེང་༡༠ པ་སྐུ་མྱ་ངན་ལས་འདས་ཏེ། སྐུ་ཕྲེང་༡༡ པ་རྒྱ་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་རྗེས་ཁོང་གི་མཛད་རྣམ་གྱི་སྐོར་ང་ཚོའི་ལག་ཏུ་གང་ཡང་རག་མེད་སྐོར་གསུངས་པ་དང་། ཁོང་གིས་པཎ་ཆེན་སྐུ་ཕྲེང་བཅུ་པའི་སྐོར་གསུངས་དོན། པཎ་ཆེན་རིན་པོ་ཆེ་དགོངས་པ་རྫོགས་རྗེས་༧གོང་ས་མཆོག་གིས་ཡང་སྲིད་ཕེབས་ཕྱོགས་ཀྱི་སྐོར་ལ་ཐུགས་རེ་ག་འདྲ་ཞིག་གནང་ཡོད་མེད་དང་། པཎ་ཆེན་སྐུ་ཕྲེང་༡༠ པའི་ཡང་སྲིད་ངོས་འཛིན་བྱས་པའི་བརྒྱུད་རིམ། དེ་བཞིན་རྒྱ་གཞུང་༧གོང་ས་མཆོག་གི་ཁ་གཏད་དུ་ལངས་ནས་ལས་ཀ་ག་རེ་བྱས་ཡོད་མེད་དང་། པཎ་ཆེན་སྐུ་ཕྲེང་༡༠ དགོངས་པ་མ་རྫོགས་གོང་བསྩལ་བའི་བཀའ་སློབ་སྟེ། མི་རིགས་ས་ཁོངས་རང་སྐྱོང་རྩོད་ལེན་གནང་ཕྱོགས་ཀྱི་བཀའ་སློབ་དང་། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་སྟངས་སྐོར་གྱི་བཀའ་སློབ། དེ་བཞིན་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་སོགས་ཀྱི་བཀའ་སློབ་དེ་དག ད་ལྟའི་ཆར་༧གོང་ས་མཆོག་གི་དགོངས་གཞི་དང་བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་དང་ཧ་ཅང་འབྲེལ་བ་ཡོད་པར་བརྟེན། བོད་མི་ཚོས་བཀའ་སློབ་དེ་དག་ལ་སློབ་སྦྱོང་བྱ་དགོས་པ་གལ་ཆེན་པོ་ཆགས་ཡོད་སྐོར་སོགས་མང་ཚོགས་ལ་ངོ་སྤྲོད་གནང་སོང་།
དེ་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་རྒྱལ་སྤྱིའི་བོད་དོན་གདུང་སེམས་མཉམ་སྐྱེད་ཀྱི་ཉིན་མོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོགས་སྦྱང་གནང་བའི་ནང་འཁོད་དོན། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་ལས་ཁང་དང། ཁེ་ཎ་ཌ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་བཅས་ཐུན་མོང་ནས་གོ་སྒྲིག་ཐོག་ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༤ ཚེས་ ༢༧ ནས་ཚེས་ ༢༩ བར་ཉིན་གསུམ་རིང་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དྲུག་པ་ཁེ་ཎ་ཌའི་རྒྱལ་ས་ཨོ་ཊཱ་ཝར་འཚོགས་པའི་སྐབས། མ་འོངས་བོད་དོན་ལས་འཆར་སྤེལ་རྒྱུའི་ཁོངས་ལོ་ལྟར་རྒྱལ་སྤྱིའི་བོད་ཀྱི་ཉིན་མོ་ཞིག་སྲུང་བརྩི་བྱ་དགོས་པའི་གྲོས་འཆམ་བྱུང་ཡོད་པ་བཞིན། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་སྤྱི་ལྷན་ཚོགས་སུ་དེ་ལྟར་སྲུང་བརྩི་ཞུ་ཕྱོགས་སྐོར་བཀའ་བསྡུར་སྔ་རྗེས་གནང་བར། འདི་ལོ་ནས་བཟུང་ལོ་ལྟར་ཕྱི་ཟླ་ ༥ ཚེས་ ༡༧ ཉིན་ “རྒྱལ་སྤྱིའི་བོད་དོན་གདུང་སེམས་མཉམ་སྐྱེད་ཀྱི་ཉིན་མོ་” ཞེས་སྲུང་བརྩི་ཞུ་རྒྱུའི་ཐག་གཅོད་གནང་ཡོད་པ་དང། ཉིན་མོ་འདིས་རང་དབང་གི་ཆེད་དུ་དཀའ་སྡུག་ལ་གདོང་ལེན་བྱེད་བཞིན་པའི་བོད་མི་རྣམས་ཀྱི་མངོན་འདོད་ལ་རྒྱལ་སྤྱིའི་སྤྱི་ཚོགས་ནས་གདུང་སེམས་མཉམ་སྐྱེད་ཤུགས་ཆེ་ཡོད་པ་མཚོན་གྱི་ཡོད།
དེ་རིང་ཕྱི་ཟླ་༥ ཚེས་ ༡༧ ཉིན་མོ་འདི་ནི་ཕྱི་ལོ་ ༡༩༩༥ ལོར་༧ཀུན་གཟིགས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་དགུང་གྲངས་དྲུག་ལས་ཕེབས་མེད་པའི་སྐབས་ནས་རྒྱ་གཞུང་གིས་བཙན་འཁྲིད་ཞུས་ཏེ་གར་ཡོད་ཆ་མེད་དུ་སོང་བའི་ཉིན་མོ་ཡིན་པས། ཁོང་ནི་བོད་མི་ཡོངས་ཀྱིས་དད་བཀུར་ཆེན་པོ་ཞུ་བའི་ནང་བསྟན་ཆོས་ལུགས་ཀྱི་དབུ་འཛིན་ཞིག་ཡིན་པ་མ་ཟད། ལྷག་པར་སྐུ་ཐོག་གོང་མའམ། སྐུ་ཕྲེང་བཅུ་པ་རྗེ་བཙུན་བསྟན་འཛིན་འཕྲིན་ལས་འཇིགས་མེད་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་ནི་བོད་བསྟན་སྲིད་མི་རིགས་རིག་གཞུང་དང་བཅས་པའི་རང་དབང་འཐབ་རྩོད་ཆེད་ཞུམ་པ་མེད་པའི་ཐུགས་སྐྱེད་དང་བཅས་སྐུ་ངལ་བརྒྱ་ཕྲག་ལྷུར་བཞེས་མཛད་པའི་རྒྱལ་གཅེས་དཔའ་བོ་ཆེན་པོ་ཞིག་ཡིན་པས། གཞིས་ལུས་བོད་མི་དཔའ་བོ་དཔའ་མོ་ཡོངས་ཀྱི་ཚབ་མཚོན་ནུས་པ་ཞིག་ཡིན་པ་དང། ཆུང་སྲིད་རིན་པོ་ཆེ་མཆོག་ཀྱང་གང་དུ་བཞུགས་ཡོད་མེད་ད་ལྟའང་ཤེས་རྟོགས་མི་ཐུབ་པའི་གནས་སྟངས་འདིས་སྙིང་སྟོབས་ཅན་གྱི་གཞིས་བཞུགས་བོད་མི་རྣམས་མུ་མཐུད་བཙོན་འཇུག་དང། ཁོང་ཚོའི་གཞི་རིམ་འགྲོ་བ་མིའི་ཐོབ་ཐང་བཙན་འཕྲོག་བྱེད་པའི་གནས་སྟངས་གསལ་པོར་མཚོན་པ་བཅས་ལ་བརྟེན་ཕྱི་ཟླ་ ༥ ཚེས་ ༡༧ འདི་བཞིན་ཆེད་དུ་གཏན་འབེབས་ཞུས་པ་ཞིག་ཡིན་ཞེས་དང་།
གསུང་བཤད་དེའི་ནང་མུ་མཐུད་དུ་འཁོད་དོན། དེ་རིང་རྒྱལ་སྤྱིའི་བོད་དོན་གདུང་སེམས་མཉམ་སྐྱེད་ཀྱི་ཉིན་མོ་སྲུང་བརྩི་ཞུ་ཕྱོགས་ཐད་དཔལ་ལྡན་བཀའ་ཤག་གིས་སྐུ་ཚབ་དོན་གཅོད་ཁག་དང། ས་གནས་འགོ་འཛིན་སོ་སོར་ལམ་སྟོན་དང་བཅས་ས་གནས་སོ་སོའི་བབ་བསྟུན་སྲུང་བརྩི་ཞུ་དགོས་པའི་བརྡ་ཁྱབ་གནང་ཡོད་པས། འཛམ་གླིང་ཡུལ་གྲུ་གང་སར་སྲུང་བརྩི་གནང་བཞིན་ཡོད་པ་འདི་དག་གིས་བོད་བསྟན་སྲིད་མི་རིགས་རང་དབང་དང་བཅས་པའི་འཕྲལ་ཕུགས་ཀྱི་བདེ་དོན་ལ་ཕན་རླབས་ངེས་ཅན་ཞིག་ཡོང་བའི་རེ་སྨོན་ཞུ་རྒྱུ།
དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི། བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང། འཕགས་བོད་འབྲེལ་མཐུད་ལས་ཁང་བཅས་ལ་རྒྱུན་དུ་འབྲེལ་ལམ་ཡོད་མུས་ལྟར་ཁོང་རྣམ་པ་བརྒྱུད་བོད་དང། བོད་མིའི་གྲོགས་པོ་ཡོངས་ལ་གནས་ཡུལ་སོ་སོའི་རྒྱལ་ཁབ་དང། ས་གནས་སོ་སོའི་གནས་བབ་དང་བསྟུན་ཏེ་བོད་མིར་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་འདྲ་མིན་དང། མཆོད་འབུལ་སྨོན་ལམ་གསུང་འདོན་གོ་སྒྲིག་གནང་ཐབས་བཅས་ཀྱི་འབོད་སྐུལ་ཞུས་ཡོད།
དེང་རྒྱལ་སྤྱིའི་ཁྱོན་དུ་བོད་ཀྱི་གནད་དོན་རྒྱ་ནག་མཉམ་གཉིས་སྨན་དབུ་མའི་ལམ་ནས་འགྲིག་འཇགས་ཡོང་ཐབས་ཀྱི་སྲིད་བྱུས་དང། བོད་མི་ཚོས་མང་གཙོའི་ལམ་ལུགས་ཡང་དག་པའི་ནང་ཞུགས་ཏེ་ལོ་མང་རིང་ལག་བསྟར་བྱས་དང་བྱེད་བཞིན་པ། བདེན་དོན་འཐབ་རྩོད་ཀྱི་རང་བཞིན་ཡང་འཚེ་མེད་ཞི་བའི་ཐབས་ལམ་ཁོ་ནའི་ཐོག་ནས་བྱེད་པའི་ལངས་ཕྱོགས་བརྟན་པོར་བཟུང་ཡོད་པ་བཅས་ལ་རྒྱབ་སྐྱོར་གང་ལེགས་ཐོབ་དང་འཐོབ་བཞིན་ཡོད་པ་ལྟར། ད་ཕན་མཉམ་འབྲེལ་རྒྱལ་ཚོགས་གཙོས་རྒྱལ་སྤྱིའི་སྲིད་གཞུང་ཁག་དང། ཚོགས་སྡེ་ཁག མི་སྒེར་བཅས་ནས་བོད་ནང་གི་ཛ་དྲག་གནས་སྟངས་དང། བོད་མིར་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག་པ་དང། བསྒྲགས་གཏམ་སྤེལ་བ་སོགས་དང། ལྷག་པར་རྒྱ་གར་གཞུང་མང་ཡོངས་ནས་བོད་མིར་བཀའ་དྲིན་བླ་མེད་བསྐྱངས་དང་སྐྱོང་བཞིན་པ་བཅས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག། ད་དུང་དེ་རིང་གི་ཉིན་མོ་འདི་བཞིན་དམ་འཛིན་གྱིས་བོད་དོན་བདེན་མཐའ་མ་གསལ་བར་དུ་བོད་མིར་གདུང་སེམས་མཉམ་སྐྱེད་དང་འབྲེལ་བའི་རྒྱབ་སྐྱོར་ལོ་རེ་ནས་ལོ་རེ་ཇེ་ཆེར་གནང་བའི་རེ་སྐུལ་ཤུགས་དྲག་ཞུ་རྒྱུ་ཡིན་ཞེས་སོགས་འཁོད་འདུག
མཐར་བཀའ་ཤག་གི་སྐུ་ཚབ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་གྱིས་བཀའ་ཤག་གི་གསུང་བཤད་གནང་སྐབས། དེ་རིང་འདིར་བོད་མིའི་གདུང་སེམས་མཉམ་བསྐྱེད་ཀྱི་ཉིན་མོ་སྲུང་བརྩི་བྱེད་དགོས་དོན་དེ། བོད་ནང་ད་ལྟའི་བར་བོད་མི་༡༡༧ གྱིས་རྒྱ་གཞུང་གི་དྲག་གནོན་ལ་ངོ་རྒོལ་གྱིས་རང་ལུས་སྲེག་བཏང་ཡོད་པ་ལས། མི་༡༠༡ གི་རང་སྲོག་ཤོར་ཡོད་པས་ཆེས་ཛ་དྲག་གི་གནས་སྟངས་དང་། དེ་བཞིན་ཕྱི་ལོ་༡༩༩༥ ལོར་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་རྒྱ་གཞུང་གིས་བཙོན་འཇུག་བྱས་ནས་གར་ཡོད་ཆ་མེད་ཆགས་ཡོད་པ་དེ་དག་གི་ཆེད་དུ་ཡིན་སྐོར་དང་། རྒྱ་གཞུང་གིས་བོད་ཁུལ་གྱི་ས་ཆ་ཁ་ཤས་རེར་ཁང་པ་རྫིག་པོ་གཅིག་གཉིས་རེ་བཟོས་ཏེ། བོད་ཡུལ་དེ་རྒྱལ་ཡུལ་དུ་བསྒྱུར་རྒྱུའི་ལས་འགུལ་སྤེལ་གྱི་ཡོད་པ་ལས་བོད་མི་མང་ལ་ཤ་ཚ་བ་བའི་ལས་ཀ་བྱེད་ཀྱི་མེད་སྐོར་དང་། རྒྱ་གཞུང་གིས་བོད་སར་བཙན་འཛུལ་བྱས་ནས་ལོ་ངོ་༥༣ ལྷག་འགོར་གྱི་ཡོད་ན་ཡང་བོད་མི་རིགས་ཀྱི་སེམས་པ་འདུལ་ཐུབ་ཀྱི་མེད་སྐོར་སོགས་གསུངས་སོང་།
ཡང་ཁོང་གིས་དབུ་མིའི་ལམ་གྱི་སྲིད་ཇུས་དེ་བོད་རྒྱའི་བར་གྱི་དཀའ་ངལ་སེལ་ཆེད་ཀྱི་ཐབས་ལམ་ཡག་ཤོས་དེ་ཆགས་ཡོད་པར་བརྟེན་དེ་ལ་ནམ་ཡང་འགྱུར་བ་གཏོང་རྒྱུ་མེད་ཅེས་གསུངས་སྟེ། ད་ལྟའི་ཆར་འཛམ་གླིང་གི་རྒྱལ་ཁབ་སུ་གང་ལ་མེད་པའི་དབུ་ཁྲིད་ཅིག་ང་ཚོར་ཡོད་པ་དེ ། བོད་མི་ཚོས་ཤེས་པའི་ཐོག་ནས་༧གོང་ས་མཆོག་གི་དགོངས་གཞི་དང་འགལ་བའི་ལས་ཀ་བྱ་རྒྱུ་མེད་པ་གལ་ཆེན་པོ་ཆགས་ཡོད་སྐོར་དང་།དེ་བཞིན་ དེང་སང་འགན་མ་ཁུར་བའི་ཐོག་ནས་སྐད་ཆ་དང་རྩོམ་འབྲི་མཁན་དེ་འདྲ་ཡོང་གི་ཡོད་པ་དེ་ཚོས་བོད་པའི་རྩ་དོན་ལ་ཕན་པ་ལས་གནོད་པ་སྐྱེལ་གྱི་ཡོད་པར་བརྟེན། དེ་དག་གིས་ཐོག་མར་སོ་སོས་སྤྱི་ཚོགས་ནང་ལས་ཀ་ག་རེ་བྱས་འདུག་བལྟ་དགོས་ཀྱི་ཡོད་སྐོར་དང་། མ་འོངས་པར་ཁ་ཕར་འཁོར་ནས་ཁ་གཏད་གཅོག་དགོས་པ་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་སོང་།
ཕྱི་ཟླ་༥ ཚེས་༡༧ ཉིན་དེ་རྒྱ་གཞུང་གིས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་བཙོན་འཇུག་བྱས་པའི་ཉིན་མོ་ཆགས་ཡོད་པར་བརྟེན། ད་ལོ་ནས་བཟུང་ལོ་རྟག་པར་ཉིན་མོ་དེ་བོད་མིའི་གདུང་སེམས་མཉམ་བསྐྱེད་ཀྱི་ཉིན་མོར་སྲུང་བརྩི་བྱ་རྒྱུ་རེད་འདུག
མཇུག་ཏུ་བོད་ཀྱི་ཟློས་གར་ཚོགས་པས་པཎ་རིན་པོ་ཆེ་རྗེས་དྲན་གྱི་གཞས་སྣ་ཁག་ཅིག་མང་ཚོགས་གཟིགས་འབུལ་ཞུས་སོང་ལ། དགོང་དྲོའི་ཆུ་ཚོད་༧ པའི་སྟེང་བོད་ཀྱི་ཟློས་ཀར་ཁང་དུ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གྱི་གཏམ་བརྗོད་ཅིག་ཀྱང་འཁྲབ་སྟོན་བྱས་སོང་།