བོད་ཀྱི་དམར་ཤོག་དང་ཤི་བའི་རེ་བ།
རྩོམ་པ་པོ། མཱོ་ར་མོན་ནི་ཧན (Maura Moynihan)
ཏྲེ་ཧོར་ཐུབ་བསྟན་གྱིས་བོད་བསྒྱུར་བྱས།
ཉེ་ཆར་རྒྱ་ནག་གི་དམག་མིས་ལ་དྭགས་ས་ཁུལ་དུ་བཙན་འཛུལ་བྱས་པ་ནི་བོད་ས་ཤོར་བའི་ན་ཟུག་ཅན་གྱི་དྲན་སྐུལ་ཞིག་རེད། བདུན་ཕྲག་འདིའི་ནང་རྒྱ་ནག་གཞུང་འཛིན་མི་སྣས་ཡུན་རིང་ལོ་རྒྱུས་ལྡན་པའི་བོད་ཀྱི་རྒྱལ་ས་ལྷ་སའི་གྲོང་ཁྱེར་རྙིང་ཁུལ་གྱི་རྣམ་པ་“བཟོ་བཅོས་འཆར་འགོད་”ཁྱབ་བསྒྲགས་བྱས་ཡོད།
སྤྱིར་ལྷ་ས་ནི་མཉམ་འབྲེལ་རྒྱལ་ཚོགས་རིག་དངོས་གཅེས་སྐྱོང་ཁང་(UNESCO)གི་འཛམ་གླིང་ཤུལ་བཞག་རིག་དངོས་ཀྱི་མིང་ཐོ་རུ་ཡོད་པ་དང་། བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་མཚོན་རྟགས་སུ་གྱུར་ཡོད། དེར་བརྟེན། རྒྱ་གཞུང་གི་ཆབ་སྲིད་པས་བློ་ཐག་རྦད་བཅད་ཀྱིས་བོད་ཀྱི་རིག་གནས་དང་ཆོས་ལུགས། དེ་བཞིན་མི་རིགས་ཀྱི་ངོས་འཛིན་བཅས་གཙང་སེལ་བྱེད་དེ་བརྟན་ལྷིང་སྲུང་སྐྱོབ་ལ་ཁག་ཐེག་བྱེད་བཞིན་ཡོད།
༢༠༡༣ ལོའི་ཕྱི་ཟླ་༥ པའི་ཚེས་༨ ཉིན། སྲིད་སྐྱོང་བློ་བཟང་སེང་གེས་ཨ་རིའི་ཕྱི་འབྲེལ་ལྷན་ཁང་དུ་གསུང་བཤད་གནང་བ།
ཕྱི་ཟླ་༥ པའི་ཚེས་༨ ཉིན་རྒྱལ་ས་ཝ་ཤིང་ཏྲོན་གྱི་ཨ་རིའི་ཕྱི་འབྲེལ་ལྷན་ཁང་(Council on Foreign Relations)དུ་བཙན་བྱོལ་བོད་གཞུང་གི་སྲིད་སྐྱོང་བློ་བཟང་སེང་གེས་གསར་འགོད་པ་དང་རྩོམ་པ་པོ། ཁྲིམས་རྩོད་པ་སོགས་ལ་གསུང་བཤད་གནང་ཡོད་པ་དང་། ཚོགས་ཞུགས་པ་རྣམས་ཀྱིས་ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་བཞིན་པའི་བོད་ཀྱི་གནས་སྟངས་ཐད་བགྲོ་གླེང་ཡོང་བའི་རེ་བ་བརྒྱབ་ཡོད་ཅིང་། ཁོང་གི་གསུང་བཤད་ཉན་མཁན་མང་ཆེ་བས་ཧར་ཝ་ཌི་མཐར་ཕྱིན་སློབ་མ་འདིས་རྒྱ་ནག་གི་དབང་བསྒྱུར་ལ་ངོས་ལེན་མི་བྱེད་པ་ཚོད་དཔག་བྱས་ཡོད་ཀྱང་། བློ་བཟང་སེང་གེའི་སྐད་ཆ་ཡིས་ཚོགས་ཁང་ནང་གི་མི་རྣམས་ཧང་སང་དུ་བཅུག་ཡོད། དེའི་རྗེས་སུ་དྲ་ཐོག་ཏུའང་དེ་མཚུངས་ཀྱི་བསམ་ཚུལ་བྱུང་།
མི་ཞིག་གིས། “མ་འོངས་པར་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཐོབ་སྟེ་རང་དབང་གིས་འོས་འཕེན་ཆོག་པའི་རེ་བ་ཡོད་དམ་ཞེས་དྲི་བ་དྲིས་སྐབས། བློ་བཟང་སེང་གེས་“ང་ཚོས་རྒྱ་ནག་དམར་ཤོག་ཚོགས་པ་འགོ་རྟིང་སློག་པའི་ཆེད་དུ་རེ་བ་དང་ཡང་ན་འཐབ་རྩོད་བྱེད་བཞིན་མེད་ལ། རྒྱ་ནག་གི་ད་ལྟའི་ཆབ་སྲིད་འཛིན་སྐྱོང་གི་སྒྲོམ་གཞི་ལའང་དོགས་སློང་དང་ཁ་གཏད་གཅོག་བཞིན་མེད་”ཅེས་ཟེར། ནིའུ་ཡོཀ་སློབ་གྲྭ་ཆེན་མོའི་ཁྲིམས་ལུགས་མཁས་པ་རྗེ་རོམ་ཁོས་(Jerome Cohen) གསུང་བཤད་གནང་སྐབས། “གལ་སྲིད་བོད་ནང་གི་བོད་མི་ཚོར་སྨྲ་བརྗོད་རང་དབང་མེད་ན། དེའི་མཇུག་འབྲས་ཀྱི་གནས་ཚུལ་ཅི་འདྲ་ཞིག་ཡིན་མིན་”ཐད་གསལ་བཤད་ཡོང་བའི་རེ་འདུན་ཞུས་པ་ལྟར། བློ་བཟང་སེང་གེས་“ང་ཚོས་བོད་ནང་དུ་མང་གཙོའི་ལམ་ལུགས་ཤིག་བཙུགས་པའི་ཆེད་དུ་རྩོད་ལེན་བྱེད་བཞིན་མེད། ང་ཚོས་རྒྱ་ནག་གི་རྩ་ཁྲིམས་སྒྲོམ་གཞིའི་ནང་དུ་ཡོད་པའི་ཐོབ་ཐང་རྩོད་བཞིན་ཡོད”ཅེས་གསལ་བཤད་བྱས་ཡོད།
བློ་བཟང་སེང་གེའི་སྐད་ཆ་དེར་དྲ་ཐོག་ཏུ་གླེང་སློང་ཧ་ཅང་ཤུགས་ཆེ་བྱུང་ཡོད་ཅིང་། ལྷག་པར་དུ་ཁོང་གིས་བོད་དང་རྒྱ་ནག་མི་མང་གི་མང་གཙོའི་རེ་འདུན་ཁྱད་གསོད་བྱས་པ་དང་། སྙིང་སྟོབས་ཞུམ་མེད་ཀྱིས་<<གཉིས་བརྒྱད་རྩ་འཛིན་ཡིག་ཆ>>ལ་མཚན་རྟགས་བཀོད་པའི་རྒྱ་ནག་གི་ཤེས་ལྡན་མི་སྣ་དེ་དག་སྣང་མེད་བཏང་ཡོད་པ་རེད། རྩ་འཛིན་ཡིག་ཆ་དེས་རྒྱ་ནག་ལ་ཁྲིམས་ལུགས་ཚད་ལྡན་དང་མང་གཙོའི་བཅོས་བསྒྱུར་དགོས་པའི་རེ་འདུན་བཏོན་ཏེ། རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་གཅིག་སྡུད་ལམ་ལུགས་ལ་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། རྒྱུན་མ་ཆད་པར་བྱུང་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་གི་གོད་ཆག་དང་བརྟན་ལྷིང་མེད་པའི་སྤྱི་ཚོགས་ཀྱི་གནས་བབ་བཅས་ལ་བརྟེན་ནས། རྒྱ་ནག་ཀྲུང་ཧ་མི་རིགས་ཀྱི་ཡར་ཐོན་ལ་འགོག་རྐྱེན་དང་འགྲོ་བ་མིའི་རིགས་ཀྱི་རིག་གནས་དར་སྤེལ་ལ་བར་ཆད་བཟོ་བཞིན་པའི་སྐྱོན་འཛུགས་བྱས་ཡོད།
རྒྱ་ནག་དམར་ཤོག་གི་དབང་བསྒྱུར་ངོས་ལེན་བྱེད་པ་དེ་ཡིས་བོད་ནང་དུ་འདས་པའི་མི་ལོ་༦༠ ལྷག་གི་རིང་། བོད་མི་རིགས་འཚོ་གནས་ཀྱི་ཆེད་དུ་ཤི་གསོན་གྱི་འཐབ་རྩོད་བྱས་པའི་བོད་མི་རྣམས་སྣང་མེད་བྱས་པ་མཚོན་ཡོད། རང་སྲེག་གི་ལམ་ནས་རང་ཉིད་བློས་བཏང་བའི་སྐྱ་སེར་ཕོ་མོ་དེ་དག་གིས་ཀྱང་རང་དབང་རང་བཙན་གྱི་ཆེད་དུ་རང་ལུས་མེར་བསྒྲོན་ཡོད་པ་ནི། ཁོང་ཚོས་བཞག་པའི་ཁ་ཆེམས་ཡི་གེ་དག་གིས་བདེན་དཔང་བྱས་ཡོད་པ་ཡིན། ད་དུང་ཁོང་གི་སྐད་ཆ་དེ་ནི་ཏ་ལཱའི་བླ་མ་མཆོག་གི་དགོངས་གཞི་དང་ཐད་ཀར་རྒྱབ་འགལ་དུ་སོང་ཡོད། གོང་ས་མཆོག་གིས་དམིགས་ཡུལ་ཡོད་པའི་ཐོག་ནས་བཙན་བྱོལ་བོད་གཞུང་གི་ལམ་ལུགས་དེ་རྒྱ་གར་གྱི་མང་གཙོ་ལ་དཔེ་བླངས་ཡོད་པ་ལས། མོའོ་ཙི་ཏུང་གི་སྲིད་དབང་སྒེར་གཅོད་ལམ་ལུགས་ལ་དཔེ་བལྟས་མེད།
ཕྱི་ལོ་༡༩༨༨ ལོར་ཏ་ལཱའི་བླ་མ་མཆོག་གིས་གཉིས་ཕན་དབུ་མའི་ལམ་གྱི་སྲིད་བྱུས་བཏོན་སྐབས། བོད་དེ་རྒྱ་དཀར་གཉིས་ཀྱི་བར་གནས་སྲིད་གཞུང་ཞིག་གི་གནས་བབ་ཐོབ་རེ་བྱས་པ་མ་ཟད། དམག་དོན་མེད་པའི་ཞི་བདེའི་ས་ཁུལ་ཞིག་ཆགས་པར་རེ་བ་བཏོན་ཡོད། བློ་བཟང་སེང་གེའི་གཏམ་བཤད་ཀྱི་ལངས་ཕྱོགས་དེས་བོད་དོན་ལས་འགུལ་གྱི་སྙིང་བཅུད་བཏོན་ཏེ་སྟོང་པ་བཟོས་ཡོད་པ་དང་ཕྱོགས་མཚུངས། རྒྱ་དཀར་ནག་གཉིས་བར་གྱི་ཡུན་རིང་གི་ས་མཚམས་རྩོད་རྙོག་གི་འགན་ཁུར་ལའང་མཐོང་ཆུང་བཏང་ཡོད།
དེའི་སྐབས་རྒྱ་གར་གྱི་གསར་འགོད་པའང་ཕྱི་འབྲེལ་ལྷན་ཁང་གི་དགོང་ཚོགས་དེར་སླེབས་ཡོད་ནའང་། བློ་བཟང་སེང་གེ་ལ་གཟབ་ནན་གྱིས་དཀའ་ཁག་ཅན་གྱི་དྲི་བ་གཏོང་མཁན་མ་བྱུང་། མི་ཁ་ཤས་ཀྱིས་ལ་དྭགས་ས་ཁུལ་དུ་དམག་གི་བཙན་འཛུལ་གནད་དོན་སྐོར་དྲིས་སྐབས། བློ་བཟང་སེང་གེས་དགའ་ཉམས་དང་བཅས་ཏེ་བཤད་རྒྱུར། “རྒྱ་ནག་གི་རྒྱ་གར་མཐའ་མཚམས་ས་ཁུལ་གྱི་དམག་གི་གནས་བབས་དེ་ངེས་པར་དུ་“རྒྱ་ནག་རང་གི་ཐག་གཅོད་”རེད་ཅེས་བརྗོད། བློ་བཟང་སེང་གེ་རྒྱ་གར་ངྷ་རམ་ས་ལར་གནས་སྡོད་བྱས་ཡོད་པ་དང་། ཉེ་བའི་ཆར་ད་དུང་རྒྱ་གར་སྲིད་གཞུང་གིས་ཁོང་གི་རླངས་འཁོར་ཐོག་གློག་ཏོག་དམར་པོ་ཞིག་ཀྱང་སྤྲད་དེ། ཧི་མ་ཅལ་མངའ་སྡེ་རུ་ཁོང་ལ་(VIP) ཡི་གོ་གནས་ཡོད་པ་མཚོན་ཡོད་ལ། དམིགས་བསལ་ཐོབ་ཐང་དེ་དག་ཕལ་ཆེར་རྒྱ་གར་དབུས་སྲིད་གཞུང་ནས་གནང་བ་ཞིག་ཡིན་པའི་ཚོད་བགམ་ཡང་བྱེད་ཆོག་པ་ཞིག་རེད།
བློ་བཟང་སེང་གེས་རིག་པ་བསྒྲིམས་ཏེ་ཁོང་རང་ཉིད་ཀྱི་ལྷ་སྒྲུང་ཞིག་ཀྱང་བཞེངས་བསྐྲུན་བྱེད་བཞིན་ཡོད། དེའི་ཁྲོད་ཀྱི་ཁ་ཤས་ཤིག་དེ་སྔོན་གྱི་དམར་ཤོག་ཚོགས་པའི་དུས་སྐབས་ཀྱི་བོད་ཀྱི་ཆབ་སྲིད་རིག་གནས་ཀྱི་ཁྱད་ཆོས་ཡོད་པ་ཞིག་ཡིན། ཁོང་སྒེར་གྱི་ངོ་དེབ་ཐོག་ཏུ་ཁོང་ནི་ཏ་ལཱའི་བླ་མ་དང་འགུ་རུ་རིན་པོ་ཆེའི་“སྲིད་ཕྱོགས་ཀྱི་སྤྲུལ་པ” (secular emanation)ཡིན་པའི་ཁྱབ་བསྒྲགས་བྱས་ཡོད། དེ་བཞིན་ཝ་ཤིང་ཏྲོན་གྱི་ཕྱི་འབྲེལ་ལྷན་ཁང་གི་དགོང་ཚོགས་ཐོག་ཁོང་གིས། “བོད་ནང་གི་སྒྱུ་རྩལ་བ་མང་པོས་གླུ་གཞས་ཀྱི་ལམ་ནས་ཁོང་གི་འོས་འགྲན་ལ་རྒྱལ་ཁ་ཐོབ་པར་དགའ་བསུ་མཚོན་པར་བྱས་ཡོད་ལ། ཁོང་ཚོས་གླུ་གཞས་དེ་དག་དྲ་ཐོག་( YouTube )ཏུ་བཞག་ཡོད་པ་མ་ཟད་གཞས་ཚིག་དབྱིན་ཡིག་ཏུ་བསྒྱུར་ཡོད། མི་ཁ་ཤས་ཀྱིས་ཁོང་ལ་བསྐུར་ཡོང་བའི་ཐང་གའི་ནང་ནམ་རྒྱུན་གྱི་ཐང་གའི་ནང་དུ་ང་ཚོས་ལྷ་དང་ལྷ་མོའི་སྐུ་བརྙན་བཞེངས་བྲིས་བྱས་ཡོད་ཀྱང་། ད་ཐེངས་ཁོང་ཚོས་ཐང་གའི་ནང་དུ་ང་གཅིག་པུའི་པར་བཞག་སྟེ་ས་ཆ་གང་སར་བཀྲམ་འདུག་”ཅེས་སོགས་བརྗོད།
བོད་ནང་ཉིན་རེར་བཞིན་མང་དུ་འགྲོ་བཞིན་པའི་ངོ་རྒོལ་ལས་འགུལ་ཁྲོད་རྐྱེན་འདས་སུ་སོང་བའི་གྲངས་འབོར་དང་། ས་སློག་འཕྲུལ་འཁོར་གནས་མཆོག་ལྷ་སའི་གཙུག་ལག་ཁང་གི་མདུན་དུ་སླེབས་ཏེ་བོད་ཀྱི་སྲོལ་རྒྱུན་རིག་དངོས་ཉིན་བཞིན་གཏོར་བཤིག་ཐེབས་བཞིན་པའི་དུས་སྐབས་འདིར། ཁོང་གི་སྐད་ཆ་བཤད་སྟངས་དེ་འདྲ་ནི་མི་རྣམས་ལ་གད་མོ་སློང་བྱེད་ཅིག་རེད།
པེ་ཅིང་གི་གཞུང་འཛིན་མི་སྣར་ཤོག་ཁག་གཅིག་གི་དབང་བསྒྱུར་ལ་འགྱུར་བ་གཏོང་འདོད་མེད་པའམ་དེའི་ནུས་པ་མེད་བཞིན། མོའོ་ཙི་ཏུང་གི་རྙིང་རུལ་གྱི་འཛམ་གླིང་ལྟ་ཚུལ་ལ་འཐམས་ཏེ། ཏ་ལཱའི་བླ་མར་གདོན་འདྲེའི་མཚན་སྨད་བྱེད་བཞིན་ཡོད་ལ། ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་དད་འདུན་“རྩ་མེད་གཏོང་དགོས་པའི་ན་ཚ་”ཞིག་ཏུ་ངོས་བཟུང་སྟེ། བོད་ཀྱི་རིག་གནས་ནི་“རླབས་ཆེན་གྱི་ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་”གཡོ་སྒུལ་གཏོང་བའི་ནུས་ཤུགས་སུ་ཚོར་བཞིན་ཡོད།
བློ་བཟང་སེང་གེས་ཁ་གསལ་ངང་གསུངས་པའི་མང་གཙོ་ལ་ཁས་ལེན་མི་བྱེད་པར་དམར་ཤོག་ཚོགས་པས་བོད་དབང་བསྒྱུར་ལ་ངོས་ལེན་གནང་བ་ནི་ཡི་མ་རངས་བའི་ཆབ་སྲིད་ཀྱི་འཁྲབ་སྟོན་ཞིག་གམ། གཅིག་བྱས་ན་ཁོས་“སུ་དབང་ཐོབ་ཆེ་ན་དེར་བདེན་པ་ཡོད་”པ་དང་“མེ་མདའི་ཁ་ནས་སྲིད་དབང་”སྐྱོང་བར་ངོས་ལེན་ཡོད་སྲིད་པ་ཞིག་རེད། ཡིན་ནའང་དེ་ལྟར་ཡིན་དུ་ཆུག་ཀྱང་། ཁོས་རང་ཉིད་བྱམས་དང་བརྩེ་བའི་བདག་ཉིད་སྤྱན་རས་གཟིགས་ཀྱི་“སྲིད་ཕྱོགས་ཀྱི་སྤྲུལ་པ་”ཡིན་པའི་འགྲེལ་བཤད་ཇི་ལྟར་རྒྱག
བཀུར་འོས་ཨ་རིའི་རྒྱ་གར་གཞུང་ཚབ་ཆེན་མོ་ཆེ་སི་ཏྲར་བྷོལ (Chester Bowles) གྱིས་༡༩༦༩ ལོར་དཔར་བསྐྲུན་བྱས་པའི་<<ལྡི་ལི་གསར་པའི་མཐོང་སྣང་>> ནང་གི་ཚིག་ཁ་ཤས་འདིར་ཕྱིར་དྲན་གྱི་ཚུལ་དུ་བཀོད་ན། “རྒྱ་གར་གྱིས་མི་སྒེར་ནི་ཡར་རྒྱས་གོ་རིམ་ཁྲོད་ཀྱི་ཆ་ཤས་ཤིག་ཏུ་བརྩི་བ་དང་། རྒྱ་ནག་གིས་མི་སྒེར་ནི་རྒྱལ་ཁབ་ཀྱི་ལག་ཆ་ཞིག་ཏུ་ངོས་འཛིན་བྱེད། རྒྱ་གར་གྱིས་རང་ཉིད་ཀྱི་གནའ་བོའི་རིག་གནས་སྲུང་སྐྱོབ་གཞིར་བཞག་གིས་སྲོལ་རྒྱུན་རིག་གནས་ཀྱི་རྒྱབ་ལྗོངས་འོག དེང་རབས་ཅན་གྱི་སྤྱི་ཚོགས་མངོན་དུ་གྱུར་བར་རེ་བ་དང་། དམར་ཤོག་ཚོགས་པའི་རྒྱ་ནག་གིས་ལམ་ལུགས་ཡོངས་སུ་གསར་རྐྱང་ཡིན་པའི་ཕྱིའི་རིག་གནས་ཤིག་གིས་རྒྱ་ནག་གི་སྲོལ་རྒྱུན་རིག་གནས་དང་སྤྱི་ཚོགས་ལམ་ལུགས་ཚབ་མཚོན་ཐབས་ལ་འབད་བརྩོན་བྱེད་བཞིན་ཡོད། རྒྱ་གར་གྱིས་ཡར་རྒྱས་ཀྱི་བརྒྱུད་རིམ་ཁྲོད་སྤྱི་ཚོགས་གཡོ་འགུལ་ཐེབས་རྐྱེན་རྣམས་ཚད་གཞི་ཆེས་ཆུང་དུ་གཏོང་བཞིན་ཡོད། རྒྱ་ནག་གིས་དེ་ལས་ལྡོག་སྟེ་ཆེས་ཆེ་རུ་གཏོང་གི་ཡོད། རྒྱ་ནག་གི་མི་ལ་ཁོང་ཚོས་མ་འོངས་པ་རྟོགས་པའི་ཡིད་ཆེས་ཡོད། རྒྱ་གར་སྲིད་གཞུང་གིས་མ་འོངས་པ་ནི་བཤད་མི་ཤེས་པ་ཞིག་ཡིན་པའི་ངོས་འཛིན་བྱེད། རྒྱ་ནག་གི་ལམ་ལུགས་ལ་གོད་ཆག་བྱུང་སྟེ་རྩ་འཐོར་དུ་འགྲོ་སྐབས། རྒྱ་གར་གྱི་ལམ་ལུགས་ནི་ཅུང་ཟད་འཁྱོག་སྲིད་པ་ཞིག་རེད། དཀའ་སྡུག་དང་བཤུ་གཞོག་མྱོང་བའི་རྒྱ་ནག་གི་ཞིང་པ་དང་བཟོ་བ་རྣམས་ཀྱིས་དེ་ལྟ་བུའི་འཇིགས་སྣང་གི་འཚོ་བ་དུས་ཅི་ཙམ་གྱི་བར་སྐྱེལ་དགོས་མིན་ཤེས་འདོད་ཡོད་པ་ནི་གཏན་ཁེལ་རེད། ཁོང་ཚོས་ཉིན་རེར་བཞིན་རྒྱ་ནག་དམར་པོའི་སྲིད་གཞུང་གི་སྒེར་གཅོད་ལམ་ལུགས་ལས་ཐར་ཏེ་རང་དབང་གི་འཚོ་བ་ཞིག་སྐྱེལ་ཐུབ་པའི་ཪེ་བ་རྒྱག་བཞིན་ཡོད།”