བོད་མི་༥༠༠༠ཨ་རིར་ལེན་འཆར།
![]()
ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་མི་༥༠༠༠ ཐམ་པ་འབྱུང་འགྱུར་ལོ་གསུམ་གྱི་ནང་ཨ་རིར་ལེན་རྒྱུའི་ཐག་ཆོད་བྱུང་ཡོད་པ་རེད།
དེ་ཡང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་༢༠ ཉིན་ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་ཁྲིམས་ཞིབ་ལྷན་ཚོགས་ཀྱིས། ཕྱི་མི་གཞིས་ཆགས་ཀྱི་གནད་དོན་ཐད་ཞིབ་ཕྲའི་སྲིད་བྱུས་ཤིག་གཏན་འབེབ་བྱ་རྒྱུའི་བཀའ་བསྡུར་གནང་བའི་སྐབས། རྒྱུན་རིང་བོད་དོན་རྒྱབ་སྐྱོར་གནང་མཁན་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་ Dianne Feinstein མཆོག་གིས། རྒྱ་ནག་གཞུང་གིས་ལག་བསྟར་བྱེད་བཞིན་པའི་གདུག་རྩུབ་ཀྱི་སྲིད་བྱུས་དེས་བོད་ནང་གི་བོད་མི་རྣམས་བཟོད་དཀའ་བའི་གནས་སྟངས་འོག་ཡོད་པ་མ་ཟད། ཕྱི་ལོ་༢༠༠༩ ནས་བཟུང་ད་བར་བོད་མི་བརྒྱ་ལྷག་ཙམ་གྱིས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་དང༌། དེ་བཞིན་བལ་ཡུལ་ནང་རྒྱ་ནག་གཞུང་གིས་གནོན་ཤུགས་ཀྱི་རྐྱེན་པས་བོད་མི་སྐྱབས་བཅོལ་བ་རྣམས་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་པའི་གནས་ཚུལ་ངོ་སྤྲོད་གནང་སྟེ། འབྱུང་འགྱུར་ལོ་གསུམ་གྱི་ནང་ཚུད་བོད་མི་སྐྱབས་བཅོལ་བ་ལྔ་སྟོང་ཨ་རིའི་ནང་གཞིས་སྤོ་ཆོག་པའི་གྲོས་གཞི་དེ་ངོ་སྤྲོད་གནང་ཡོད་འདུག་པ་དང་།

སྐབས་དེར་སྤྱི་མཐུན་ཚོགས་པའི་འཐུས་མི་སྐུ་ཞབས་ Chuck Grassley ཡིས་རྒྱབ་སྐྱོར་གྱི་གསུང་བཤད་གནང་སྐབས། བོད་མི་སྐྱབས་བཅོལ་བ་ཨ་རིར་གཞིས་སྤོས་ཐུབ་པ་ཡོང་རྒྱུའི་ཐག་གཅོད་དེར། རྒྱ་ནག་གཞུང་གི་འདོད་པར་བབ་པོ་མི་ཡོང་བ་ཤེས་ཀྱི་ཡོད་ཀྱང༌། ངོས་ནས་ཐག་གཅོད་འདིར་རྒྱབ་སྐྱོར་བྱེད་ཀྱི་ཡིན་ཅེས་གསུངས་ཡོད་འདུག
བོད་མི་ལྔ་སྟོང་ཨ་རིའི་ནང་ཡོང་ཆོག་པ་བཟོ་རྒྱུའི་ཐག་གཅོད་དེར་ད་ལྟའི་འཆར་ཨ་རིའི་གྲོས་ཚོགས་གོང་མའི་ནང་བཀའ་འཁྲོལ་ཐོབ་ཡོད་འདུག་ཀྱང༌། གནད་དེ་མཐའ་མའི་ཐག་ཆོད་ཡོང་རྒྱུར་གྲོས་ཚོགས་འོག་མའི་ནང་དུའང་མོས་མཐུན་གྱི་རྒྱབ་སྐྱོར་ཐོབ་དགོས་ཀྱི་ཡོད་པ་རེད།
