རྒྱ་གར་ལྷོ་ཕྱོགས་མོན་གྷོ་རུ་ཁྲིམས་ཀྱི་གོ་རྟོགས་སྤེལ་བ།

ང་ཚོ་སྐྱབས་བཅོལ་བ་ཡིན་པ་སོང་ཙང་།  དེ་ལ་ཁྲིམས་ཁང་དང་ཁྲིམས་དཔོན་ལབ་ཆོག་གི་མ་རེད་ཅེས་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་པ་ངག་དབང་ཐུབ་བསྟན་མཆོག་གིས་རྒྱ་གར་ལྷོ་ཕྱོགས་མོན་གྷོར་གསུངས་ཡོད་པ་རེད།

དེ་ཡང་ཟླ་འདིའི་ཕྱི་ཚེས་༢༠ ཉིན་གྱི་སྔ་དྲོ་ཆུ་ཚོད་༩ པའི་ཐོག་བོད་གཞུང་ཆེས་མཐོའི་ཁྲིམས་ཞིབ་པ་ངག་དབང་ཐུབ་བསྟན་མཆོག་གིས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་ཀྱི་མི་མང་སྤྱི་ཡོངས་ལ། བཙན་བྱོལ་བོད་གཞུང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ལུགས་ཀྱི་ཁྱབས་ཚད་དང་ལས་དོན་བྱེད་ཕྱོགས། གཞན་ཡང་ཆེས་མཐོའི་ཁྲིམས་ཞིབ་ཁང་བྱུང་སྟངས་དང་དེའི་གྲུབ་ཆ་བཅས་ཀྱི་སྐོར་མི་མང་ལ་གོ་རྟོགས་སྤེལ་ཆེད་མོན་གྷོ་ས་གནས་མི་མང་ཚོགས་ཁང་དུ་ཆེད་དུ་ཕེབས་ནས་གསུངས་བཤད་གནང་ཡོད་པ་དང་། ཚོགས་ཐོག་ཏུ་མོན་གྷོ་འགོད་རྒུ་གླིང་གི་ས་གནས་གྲོས་ཚོགས་ཀྱི་འཐུས་མི་རྣམས་པ་དང་རང་བདེ་ཚོགས་ཆུང་གི་ལས་བྱེད་རྣམས་པ།  གཞན་ཡང་གཞིས་མཉམ་གཉིས་ཀྱི་གཙོས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ལས་ཀྱི་སྣེ་མོ་བ་ཡོངས་དང་། གཞིས་གྲོང་ཁག་དགུ་དང་བཙུན་དགོན་བྱང་ཆུབ་ཆོས་གླིང་གི་བཙུན་མ་རྣམས་པ་བཅས་མི་མང་མཉམ་འཛོམས་ཐོག ས་གནས་འགོ་འཛིན་ལས་ཚབ་ལས་དྲུང་བསྟན་འཛིན་མཆོག་ལྡན་ལགས་ཀྱིས་ཁྲིམས་ཞིབ་པ་ངག་དབང་ཐུབ་བསྟན་ལགས་ངོ་སྤྲོད་དང་འབྲེལ་ཚོགས་འདུ་དབུ་འཛུགས་གནང་རྗེས།

ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ངག་དབང་ཐུབ་བསྟན་ལགས་ཀྱིས་མི་མང་ལ་ཁྲིམས་ལུགས་གོ་རྟོགས་སྤེལ་དོན།     རྩ་བའི་ཁྲིམས་ལུགས་གོ་རྟོགས་སྤེལ་རྒྱུ་དེ་གལ་ཆེན་པོ་རེད་དེ་ལས་གལ་ཆེན་ཤོས་དེ་ཁྲིམས་རྩོད་པའི་ཟབ་སྦྱོང་སྤྲོད་རྒྱུ་དེ་ཕན་ཐོགས་ཆེན་པོ་འདུག་ཅེས་ལབ་ཀྱི་ཡོད་པ་རེད།  ད་ལྟའི་བར་དུ་ཁྲིམས་རྩོད་པའི་ཟབ་སྦྱོང་ཐེངས་མ་ལྔ་ཙམ་སྤྲོད་ཐུབ་ཡོད་པ་རེད་ལ་དེ་ཚོའི་སྤྱི་ཚོགས་ནང་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཀྱི་ཡོད་པ་རེད།  དེ་ཡང་མང་གཙོའི་ཀ་བ་གསུམ་གྱི་ནང་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་དེ་༡༩༩༢ ལོར་རྒྱ་གར་དྷ་རམ་ས་ལར་གསར་འཛུགས་བྱས་པ་ཞིག་རེད།   དེ་ག་རེ་རེད་ལབ་ན་བོད་མི་ཡོངས་ཀྱི་གྱོད་དང་ཁ་མཆུ་ཞུ་གཏུག་བྱེད་ས་གོང་ན་མེད་པ་དེ་རེད།   ཁྲིམས་ཞིབ་ཁང་ལ་འགན་ག་རེ་ཡོད་རེད་ལབ་ན།  བཙན་བྱོལ་བོད་གཞུང་གིི་བཅའ་ཁྲིམས་རིན་པོ་ཆེའི་མཚོན་ཁྲིམས་སྒྲིག་ཁག་ལག་ལེན་བསྟར་སྐབས་ཁ་ཤས་ཀྱིས། འགྲོ་ལུགས་མ་ཤེས་པའི་ཐོག་ནས་གནད་དོན་དང་གནས་ཚུལ་རིགས་ཁྲིམས་ཞིབ་ཁང་གིས་ཐག་གཅོད་བྱེད་དགོས་པ་རེད།   དེ་མིན་བོད་པ་ནང་ཁུལགྱོད་དང་ཁ་མཆུ་ཆེ་ཕྲ་ག་རེ་ཡིན་ན་ཞུ་གཏུག་བྱེད་སའི་ཁྲིམས་ཁང་གོང་མ་དེ་ཆགས་ཀྱི་ཡོད་རེད།   དེ་ག་ནང་བཞིན་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་འགྲོ་སྟངས་སོགས་ཀྱི་ཐད་ལམ་སྟོན་དང་ཟབ་སྦྱོང་དུས་ནས་དུས་སུ་སྤྲོད་དགོས་ཡོད་རིགས་ལ་དེའི་འགན་ལེན་བྱེད་དགོས་པ་རེད་ཅེས་དང་།

ཡང་ཁོང་གིས་ཁྲིམས་ཁང་ལ་རིམ་པ་ག་ཚོད་ཡོད་མེད་སྐོར་ལ་གསུང་དོན།  ང་རང་ཚོའི་བཅའ་ཁྲིམས་ནང་ལོགས་སུ་ཁྲིམས་ཞིབ་ཁང་ལ་རིམ་པ་གསུམ་ཡོད་པ་རེད།   ས་གནས་ཁྲིམས་ཞིབ་ཁང་དང་བསྐོར་བསྐྱོད་ཁྲིམས་ཞིབ་ཁང་།  ཆེས་མཐོའི་ཁྲིམས་ཞིབ་ཁང་བཅས་ཁྲིམས་ཁང་རིམ་པ་གསུམ་ཡོད་པ་རེད།  ཐོག་མའི་ཆར་ས་གནས་འཛིན་དང་ས་གནས་ཁྲིམས་ཞིབ་གཅིག་ལྕོགས་ལས་ཀ་བྱེད་བཞིན་ཡོད་པ་རེད།   དེའི་རྗེས་སུ་དེ་མི་འགྲིག་པ་མཐོང་ནས་ས་གནས་ཁྲིམས་ཞིབ་ཁང་ཟུར་འཛུགས་བྱས་ཡོད་པ་རེད།  ད་ལྟའི་ཆར་རྒྱ་གར་ཤར་ལྷོ་ནུབ་བྱང་བཅས་སུ་ས་གནས་ཁྲིམས་ཞིབ་ཁང་བཞི་ཆེད་འཛུགས་བྱས་ཡོད་པ་རེད།    དེ་ནས་བསྐོར་བསྐྱོད་ཁྲིམས་ཞིབ་ཁང་དེ་བཅའ་ཁྲིམས་ནང་ཡོད་རེད།  ཡིན་ན་ཡང་ད་ལྟའི་ཆར་བཙུགས་ཡོད་པ་མ་རེད།  དགོས་གལ་བྱུང་ན་བཙུགས་ན་འགྲིག་གི་རེད།   དེའི་སྒང་ན་ཆེས་མཐོའི་ཁྲིམས་ཞིབ་ཁང་དེ་ཡོད་རེད།  ང་ཚོ་སྐྱབས་བཅོལ་བ་ཡིན་པ་སོང་ཙང་།  དེ་ལ་ཁྲིམས་ཁང་དང་ཁྲིམས་དཔོན་ལབ་ཆོག་གི་ཡོད་པ་མ་རེད།  དེ་ཙམ་མ་ཟད་རྐུན་མ་དང་ཇག་པ།  མི་གསོད་སོགས་ཀྱི་གྱོད་གཞི་ལ་ལྟ་ཞིབ་སོགས་ཀྱང་བྱེད་ཆོག་གི་ཡོད་པ་མ་རེད་ཅེས་སོགས་གསུངས་སོང་།

དྲི་བ་དྲིས་ལན་སྐབས་སུ་ཁོང་གིས་གསུང་དོན།  ང་རང་ཚོའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྲིམས་གཏུག་སྐབས་སུ་གན་རྒྱ་བཞག་ནས་མཚན་རྟགས་བཀོད་དགོས་པ་རེད།  དེའི་རྗེས་སུ་བཅད་ཁྲ་ཁས་ལེན་མ་བྱས་པ་ཡིན་ན་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་བཀག་ཡོད་པ་རེད།  ད་ཡིན་ན་ཡང་ཁྲིམས་ཁང་དང་ཉེན་རྟོག་པ་མེད་པ་སོང་ཙང་།  སོ་སོའི་གཞུང་ལ་བརྩི་བཀུར་མ་བྱས་པ་ཡིན་ན་དེ་མ་གཏོགས་ཐབས་གཞན་ང་ཚོ་ལ་ཡོད་པ་མ་རེད།  ར་རང་ཚོ་མང་གཙོ་ཡིན་པ་སོང་ཙང་གནད་དོན་དེའི་རིགས་ངེས་པར་དུ་མི་མང་གིས་ཤེས་པ་དགོས་པ་རེད་ལ།  འགན་ཆ་ཚང་ཞིག་མི་མང་ལ་ཡོད་པ་རེད།   གཞུང་གི་ཁྲིམས་སྒྲིག་ལ་མི་བརྩི་མཁན་ཚོ་ལ་མི་མང་གིས་ངོས་ནས་ངོ་སྣང་དང་ཡིད་གཟབ་བྱེད་དགོས་པ་གལ་ཆེན་པོ་རེད་ཅེས་སོགས་གསུངས་སོང་།

ཉིན་དེའི་ཕྱི་དྲོར་མོན་གྷོ་ས་གནས་གྲོས་ཚོགས་ཚོགས་ཁང་དུ་གཞིས་མཉམ་གཉིས་དང་ས་གནས་གྲོས་ཚོགས།  རང་བདེན་ཚོགས་ཆུང་བཅས་ཀྱི་གཙོས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ལས་ཀྱི་སྣེ་མོ་བ་ཡོངས་བསྡུ་བསྐོང་གིས་ཞིབ་མོལ་ཚོགས་འདུ་ཞིག་ཀྱང་འཚོགས་སོང་།

དེ་བཞིན་ཚེས་༢༡་ཉིན་གྱི་སྔ་དྲོ་ཆུ་ཚོད་༩ པའི་ཐོག་དགའ་ལྡན་བླ་སྤྱི་རུ་དགའ་ལྡན་ཤར་བྱང་གཉིས་དང་རྙིང་དགོས་བཅས་ལ་ཁྲིམས་ལུགས་ཀྱི་གོ་རྟོགས་སྤེལ་རྗེས།     ཕྱི་དྲོ་ཆུ་ཚོད་༣་པའི་ཐོག་འབྲས་སྤུངས་བླ་སྤྱི་རུ་འབྲས་སྒོ་མང་དང་བློ་གསལ་གླིང་གྲྭ་ཚང་གཉིས་དང་ས་སྐྱ།  རྭ་སྟོད།  བཀའ་བརྒྱུད་བཅས་ཀྱི་དགེ་འདུན་པ་ཡོངས་ལ་བོད་གཞུང་ཆེས་མཐོང་ཁྲིམས་ཞིབ་ཁང་གི་ཁྱབས་ཁོངས་མ་ལག་དང་བཅས་པ་ངོ་སྤྲོད་དང་ཁྲིམས་ལུགས་ཀྱི་ཁྱབས་ཚད་བཅས་ཀྱི་ཐོག་གཏམ་བཤད་གནང་ཡོད་པ་རེད།

མོན་གྷོ་གསར་འགོད་པས།