རྒྱ་གར་རྒྱལ་ཡོངས་འབྲིང་རིམ་སློབ་གྲྭ་ཁག་གི་ཡིག་རྒྱུགས་གྲུབ་འབྲས།
ལོ་འདིའི་རྒྱ་གར་རྒྱལ་ཡོངས་འབྲིང་རིམ་སློབ་གྲྭ་ཁག་གི་ཡིག་རྒྱུགས་ཆེན་མོའི་ (AISSCE) གྲུབ་འབྲས་དེ་ཟླ་འདིའི་ཕྱི་ཚེས་༢༧ ཉིན་གསལ་བསྒྲགས་བྱས་ཡོད་པ་རེད།
དེ་ཡང་ལོ་འདིའི་ཡིག་རྒྱུགས་ཆེན་མོའི་ནང་བོད་པའི་སློབ་གྲྭ་ཁག་༡༦ ནས་སློབ་ཕྲུག་གྲངས་༡༦༦༢ ཡོད་པའི་ཁོངས་ནས་སློབ་ཕྲུག་གྲངས་ ༡༦༡༦ དངོས་སུ་འཛུལ་ཞུགས་བྱས་པ་ལས་སློབ་ཕྲུག་གྲངས་༡༤༡༡ ཡིག་རྒྱུགས་འཕྲོད་ཡོད་པ་དང་། བསྐྱར་དུ་ཡིག་རྒྱུགས་གཏོང་དགོས་པའི་སློབ་མ་གྲངས་༡༥༨ ཡོད་འདུག་ལ། རྒྱུགས་མ་འཕྲོད་པའི་སློབ་མ་གྲངས་༤༧ བྱུང་ཡོད་པ་དང་། སློབ་ཕྲུག་གྲངས་༤༦ ཡིག་རྒྱུགས་ནང་འཛུལ་ཞུགས་བྱས་མེད་པ་རེད། དེ་བཞིན་འདི་ལོའི་བོད་སློབ་ཁག་གི་འཛིན་རིམ་བཅུ་གཉིས་ཀྱི་རྒྱུགས་འཕྲོད་བརྒྱ་ཆ་༨༧་༣༡ ཡིན་པ་དང་། དེའི་ནང་ནས་བུའི་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་༨༥་༩༦ དང་། བུ་མོའི་ཡིག་རྒྱུགས་འཕྲོད་ཚད་ཀྱི་བརྒྱ་ཆ་༨༨་༦༣ བཅས་ཡིན་འདུག
གཞན་ཡང་འདི་ལོའི་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོར་བོད་སློབ་ཁག་གི་ནང་ནས་ཚན་རིག་སྡེ་ཚན་ཁོངས་ནས་རྩེ་ཕུད་སོན་པ་སེ་ལ་ཁུ་བོད་ཁྱིམ་སློབ་གྲྭའི་སློབ་མ་འཕྲིན་ལས་ཚེ་རིང་བླ་མ་ལ་བརྒྱ་ཆ་༩༢་༨ ཐོབ་ཡོད་པ་དང་། ཚོང་རིག་སྡེ་ཚན་ཁོངས་ནས་རྩེ་ཕུད་སོན་པ་མ་སུ་རི་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་འཕྲིན་ལས་ལ་བརྒྱ་ཆ་༩༠་༤ ཐོབ་ཡོད་འདུག དེ་བཞིན་སྒྱུ་རྩལ་སྡེ་ཚན་ཁོངས་ནས་རྩེ་ཕུད་སོན་པ་མ་སུ་རི་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་ཆོས་སྐྱིད་ལ་བརྒྱ་ཆ་ ༩༥་༤ དང་། ལས་རིགས་སྦྱོང་བརྡར་ཁོངས་ནས་རྩེ་ཕུད་སོན་པ་མོན་གྷོ་གཏན་སློབ་ཀྱི་སློབ་མ་བསྟན་འཛིན་ནོར་འཛིན་ལ་བརྒྱ་ཆ་༩༢་༦ ཐོབ་ཡོད་སྐོར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱར་གནས་ཚུལ་སྤེལ་འདུག
