ཨ་རིས་བོད་མི་རིགས་ལ་རོགས་ཕན་ཇི་ལྟར་གནང་ན་དགའ་འམ།

བསམ་གླིང་ཚེ་རིང་ལྷ་མོ།

ཉེ་འཆར་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་འགས་བོད་མི་ལྔ་སྟོང་ཐམ་པ་ཨ་རིའི་ནང་ཕྱི་མི་གཞིས་སྤོ་ཡི་ཆ་རྐྱེན་འོག་ཐོངས་ཆན་སྤྲོད་རྒྱུའི་གྲོས་འཆར་བཏོན་པར། གྲོས་ཚོགས་གོང་མའི་ཁྲིམས་ལུགས་ཚོགས་ཆུང་ནས་ངོས་ལེན་གནང་བའི་གནས་ཚུལ་དང་། ད་དུང་དེའི་རྒྱུད་རིམ་མང་པོ་ཞིག་བརྒྱུད་དེ་གཞི་ནས་ཐག་གཅོད་ཡོང་གི་ཡོད་པ་བོད་མིའི་དྲ་རྒྱའི་སྟེང་བཀོད་གནང་ཡོད།  བོད་མི་བཙན་བྱོལ་བ་མང་པོ་ཞིག་ལ་དེ་ནི་རྨ་བྱས་འབྲུག་སྒྲ་ཐོས་པ་ལྟར་གྱུར་བ་རེད་ལ།  དེ་ནི་དངོས་འབྲེལ་གྱི་གཏམ་བཟང་ཞིག་རེད།

གང་ཡིན་ཟེར་ན། ཉེ་ལམ་ལོ་ཤས་ནང་དཔལ་འབྱོར་གྱི་ཧེ་བག་ཆེ་ཆུང་དང་གང་ཅིའི་མཐུན་རྐྱེན་གྱི་དབང་གིས། བོད་མི་ཚོ་ནུབ་ཕྱོགས་རྒྱལ་ཁབ་ནང་བསྐྱོད་རྒྱུར་ཧ་ཅང་རྔམ་ཡོད་ལ།  བུ་ལོན་འབུམ་ཕྲག་མང་པོ་བཟོས་པ་དང་། དྭངས་གཙང་གིི་བརྩེ་དུང་བློས་གཏོང་གིས་ཕྱི་རྒྱལ་བ་ཚོ་དང་། ཡང་ན་གྲོགས་འདྲིས་གང་ཡང་མེད་པའི་མི་དང་གཉེན་སྒྲིག་བྱེད་པ།  མདོར་ན་རང་སྲོག་འབེན་དུ་བཙུགས་ཏེ་ཨ་རིས་གཙོས་ནུབ་ཕྱོགས་རྒྱལ་ཁབ་ནང་ཐར་ཐབས་བྱས་ཡོད།  ཕྱིར་བསྐྱོད་བྱེད་ཐབས་འདྲ་མིན་དེ་དག་ནང་ང་ཚོ་བོད་མིའི་ཚེ་སྲོག་ཀྱང་གང་ཙམ་ཤོར་བར་གྲགས་སོ།

དེ་ཚོ་ཚང་མའང་སུ་དང་སུ་ལ་ཐུག་ཀྱང་དངོས་འབྲེལ་ཁག་མེད་པ་ཞིག་རེད། གནས་ཚུལ་དེ་འདྲའི་འོག་ཏུ། ད་རེས་ཨ་རིར་བོད་མི་ལྔ་སྟོང་གཞིས་སྤོ་བྱ་རྒྱུའི་རེ་བ་ཡོད་པའི་དངོས་གྲུབ་གནང་བ་དེ་ནི་བཙན་བྱོལ་བོད་མི་ཚོའི་ངོས་ནས་བཤད་ན།  གནམ་ནས་ཤ་བག་ལེབ་ཟགས་པ་དང་མཚུངས་པ་ཞིག་རེད་ལ། བལ་ཡུལ་དང་རྒྱ་གར་ནང་ཡོད་པའི་བོད་མིའི་དཀའ་ངལ་སེལ་རྒྱུར། ཕན་གྲོགས་ཆེན་པོ་ཡོང་རྒྱུ་བརྗོད་མི་དགོས་པ་ཞིག་རེད།  དེར་བརྟེན་ང་ཚོས་ཨ་རིའི་གཞུང་དང་རྒྱབ་སྐྱོར་གནང་མཁན་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུ་འོས་པ་རང་རེད།

འོན་ཀྱང་དངོས་གྲུབ་དེའི་རྒྱབ་ལྗོངས་ལ་ཞིབ་འདང་ཞིག་བརྒྱབ་ཚེ། དེ་ནི་ང་ཚོས་དངོས་གྲུབ་དེ་ལོངས་སྤྱོད་བྱེད་སྐབས་བསམ་བློ་གཏོང་དགོས་པ་ཞིག་ངེས་པར་ཆགས་ཡོད།

རྒྱུ་མཚན་ནི་ཕྱི་ལོ་༡༩༨༧།  ༨༨ ། ༨༩ ། བཅས་ལ་བོད་ནང་དུ་བོད་མི་སྙིང་སྟོབས་ཅན་མང་པོས་སྐུ་སྲོག་ལེགས་སྐྱེས་ཕུལ་ནས་རང་ཡུལ་དུ་རྒྱ་དམར་གྱི་བཙན་གནོན་བྱས་པར་ངོ་རྒོལ་ཤུགས་ཆེ་བྱུང་བར་བརྟེན་ནས། ༡༩༩༡ ལོ་ནས་བོད་མི་ཆིག་སྟོང་ཨ་རིར་གཞིས་སྤོའི་གོ་སྐབས་དེ་ཐོབ་ཡོད།  དེ་ནི་ཨ་རི་གཞུང་གིས་བོད་མིའི་དཀའ་ངལ་ལ་རྒྱབ་སྐྱོར་བྱེད་པའི་རྣམ་འགྱུར་ཤུགས་ཆེན་པོ་ཞིག་རེད།

ད་རེས་ཡང་བསྐྱར་༢༠༠༨ ལོ་ནས་བཟུང་རྒྱ་གཞུང་གིས་བོད་བཙན་བཟུང་བྱས་པ་དང་། བོད་ཀྱི་འདི་ཕྱི་གཉིས་ཀའི་སྐྱབས་གནས་༸སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་ཞུའི་ཆེད་དུ། བོད་མི་བརྒྱ་ཕྲག་འགལ་བས་སྐུ་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་རྣམ་པ་ཛ་དྲག་ཤོས་དེ་བྱུང་ཡོད།

དེར་བརྟེན་བོད་དོན་གྱི་གནས་སྟངས་ནི་རང་གར་སྐྱུར་འཇོག་བྱེད་མི་འོས་པ་ཞིག་ཡིན་ཀྱང་། ད་བར་རྒྱལ་ཁབ་སུས་ཀྱང་མདུན་དུ་འདོན་སྟེ། རྒྱ་ནག་གཞུང་ལ་ཁ་རྡུང་དྲག་པོ་དང་ཚོང་འབྲེལ་མཚམས་འཇོག་གནང་མེད་ལ། འཛམ་གླིང་རྒྱལ་ཁབ་སུས་ཀྱང་ཐབས་ཤེས་གང་རུང་ལ་བརྟེན་ནས། རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་སེལ་ཐབས་ལ་ནུས་པ་གང་ཡང་འདོན་གྱིན་མེད།

རྒྱ་ནག་གཞུང་གི་བྱས་ཉེས་དེ་ཚོར་ངོ་རྒོལ་བྱ་འདོད་མེད་ལ། བོད་མི་རིགས་འདི་གྲོགས་མེད་ཁེར་རྐྱང་དུའང་འཇོག་ཤེས་ཐབས་མེད་པའི་རྣམ་འགྱུར་ཁག་གཉིས་ལས། ད་རེས་སླར་ཡང་བོད་མིའི་སྙིང་སྟོབས་ལ་རྒྱབ་སྐྱོར་མཚོན་ཆེད། ཨ་རིར་གཞིས་སྤོའི་ཆ་རྐྱེན་གནང་ཐབས་བྱས་པ་ནི་ཧ་ཅང་གི་གསལ་པོ་རེད།

བྱས་ན་ཨ་རིའི་གཞུང་གིས་གནང་བའི་དངོས་གྲུབ་འདིས་བོད་ནང་གི་བོད་མི་ཚོའི་བསམ་འདུན་གྲུབ་ཐུབ་ཡོད་མེད་དེ་དང་།  དངོས་གྲུབ་འདིས་བོད་འབངས་ཚོའི་ཉིན་མཚན་ཀུན་གྱི་རེ་བ་སྟེ། ༸གོང་ས་སྐྱབས་མགོན་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་ཐུབ་པའི་གྲོགས་སུ་གྱུར་ཐུབ་ཡོད་དམ།  ཡང་ན་ཨ་རིའི་གཞུང་གི་རྒྱབ་སྐྱོར་འདིས་བོད་ནང་གི་བོད་མི་ཚོར་ཕན་ཐོགས་གང་ཞིག་ཐོབ་ཐུབ་བམ།

དེ་དག་ནི་ང་ཚོས་མ་བསམ་ཀྱང་སེམས་ལ་འཁོར་ཡོང་བའི་དྲི་བ་དག་རེད་ལ། དམར་འུར་འུར་གྱི་མེ་ལྕེའི་ཁྲོད་དུ་འབར་བའི་སྤུན་ཟླའི་ཚེ་སྲོག་དེ་དག་ལ། དེ་ལ་དཔག་པའི་རིན་བབ་ཅིག་ཁུག་ཡོད་དམ་སྙམ་པའི་དྲི་རྟགས་མང་པོ་ཞིག་ང་ཚོའི་ཀླད་པའི་ནང་དུ་སླེབས་ཡོད།